རྒྱ་ནག་གཞུང་གིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུ་གླིང་ལས་རིགས་སློབ་གྲྭ་སྒོ་བརྒྱབ་པར་ཁེ་ན་ཌར་བོད་མི་ཚོས་ངོ་རྒོལ་གནང་སོང་།

རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཁྲིམས་ལུགས་དང་མི་མཐུན་པར། བོད་པའི་སྐད་དང་རིག་གཞུང་བདག་གཅེས་བྱས་པར་སྡང་ཟུག་གིས་བོད་ཡིག་གཙོ་འདོན་གྱིས་སློབ་ཁྲིད་བྱེད་ཡུལ་གྱི་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་བཅུག་ཀྱི་ཡོད་པར།  བཙན་བྱོལ་ནང་གི་བོད་མི་ཚོས་གཞིས་ལུས་བོད་མི་ཚོའི་མགྲིན་ཚབ་པ་བྱེད་ཐུབ་པ་བྱ་རྒྱུ་འདི་གལ་ཆེན་ཡིན་པའི་གཏམ་བཤད་གནང་འདུག

ཨོ་རྒྱན།

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༩ ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིས་མཉམ་སྦྲེལ་གྱིས་བོད་མགོ་ལོག་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུ་གླིང་གི་སློབ་གྲྭ་སྒོ་བརྒྱབ་བཅུག་པར་ངོ་རྒོལ་ཡོད་པའི་སྐད་འབོད་གནང་པ་འབྲེལ་ཡོད་ས་གནས་གཞོན་ནུའི་ཚོགས་གཙོ་སེན་ནི་བསོད་ནམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་ལ།   གངས་ལྗོངས་ཤེས་རིག་ནོར་བུ་གླིང་གི་སློབ་གྲྭ་སྒོ་བརྒྱབ་བཅུག་པ་དེ་ནི་དམིགས་བཀར་བོད་པའི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་བཞིན་པ་ཞིག་ཡིན་པས།  འདི་སྐོར་རྒྱལ་སྤྱིའི་གཞུང་དང་ཁེ་ཎ་ཌའི་གཞུང་བཅས་ལ་ཞུ་སྐུལ་བརྒྱུད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དགོས་པའི་རེ་བ་བཅང་བཞིན་ཡོད་པ་དང་མཉམ།  ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ཁག་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་གོ་རྟོགས་སྤེལ་རྒྱུར་དམིགས་པ་ཡིན་ཞེས་གསུང་བྱུང་།

བོད་དོན་ལས་འགུལ་བ་ཁག་ཅིག་གིས། བོད་ནང་དུ་བོད་མི་སྒེར་གྱིས་བཙུགས་པའི་སློབ་གྲྭ་དེ་དག་བརྒྱུད་བོད་པའི་མི་རིགས་ཁྲོད་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཐོག་ལ་ཤེས་ཡོན་ཅན་པ་མང་པོ་སྐྱེད་སྲིང་བྱས་ཏེ་བོད་པའི་སྤྱི་ཚོགས་ནང་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་ལེགས་སྐྱེས་འབུལ་བཞིན་པ་དེ་དག་ལ་འགོག་རྐྱེན་སྤྲད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་སླད་སློབ་གྲྭ་དེ་བཞིན་བཙན་ཤེད་ཀྱིས་སྒོ་བརྒྱབ་བཅུག་པར་མཐའ་གཅིག་ངོ་རྒོལ་དང་བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་སྔར་བས་དོ་སྣང་དང་སློབ་གཉེར་བྱེད་དགོས་པ་སོགས་འགྲེལ་བརྗོད་བྱས་བྱུང་། 

ཡང་སྤྱི་འཐུས་གོ་བོ་ཕན་བདེ་ལགས་ཀྱིས་བོད་པའི་ཆོས་དང་རིག་གཞུང་བདག་ཉར་བྱེད་དགོས་པའི་གལ་གནད་དང་སྐད་འབོད་ཀྱི་ལས་འགུལ་འདི་རིགས་ཀྱི་ནང་བོད་མི་ཚོས་གང་ཐུབ་མཉམ་ཞུགས་བྱ་དགོས་པ། བོད་ནང་གི་སློབ་གྲྭ་ཡོང་རྫོགས་ནང་རྒྱ་སྐད་ཀྱི་ཐོག་ནས་སློབ་འཁྲིད་བྱེད་བཞིན་པ། དེ་མིན་བོད་མདོ་དབུས་ཁམས་གསུམ་གྱི་ནང་སློབ་གྲྭ་མང་པོ་སྒོ་བརྒྱབ་ཀྱི་ཡོད་པའི་སྐོར་གཏམ་བཤད་གནང་སོང་། 

རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་སྤེལ་སར་བཅར་བའི་བོད་དོན་ལས་འགུལ་བ་བསྟན་པ་དར་རྒྱས་ལགས་ཀྱིས་གངས་ལྗོངས་ཤེས་རིགས་ནོར་བུ་གླིང་གི་སློབ་གྲྭ་དེ་ལྟ་བུ་སྒོ་བརྒྱབ་པ་དེས་བོད་མི་རིགས་ལ་གྱོང་གུན་ཆེན་པོ་ཐེབས་པ་དང་།  རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཁྲིམས་ལུགས་དང་མི་མཐུན་པར། བོད་པའི་སྐད་དང་རིག་གཞུང་བདག་གཅེས་བྱས་པར་སྡང་ཟུག་གིས་བོད་ཡིག་གཙོ་འདོན་གྱིས་སློབ་ཁྲིད་བྱེད་ཡུལ་གྱི་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་བཅུག་ཀྱི་ཡོད་པར།  བཙན་བྱོལ་ནང་གི་བོད་མི་ཚོས་གཞིས་ལུས་བོད་མི་ཚོའི་མགྲིན་ཚབ་པ་བྱེད་ཐུབ་པ་བྱ་རྒྱུ་འདི་གལ་ཆེ་ཡིན་པའི་གཏམ་བཤད་གནང་འདུག

གངས་ལྗོངས་ཤེས་རིག་ནོར་བུ་གླིང་གི་ལས་རིགས་སློབ་གྲྭ་དེ་བཞིན་ཕྱི་ལོ་ ༡༩༩༤ ལོར་རྭ་རྒྱའི་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་སྒེར་ངོས་ནས་ཆེད་འཛུགས་གནང་སྟེ་ད་བར་མི་ལོ་སུམ་ཅུའི་རིང་བོད་རིགས་མི་ཉུང་བ་ཞིག་ལ་བོད་པའི་སྐད་དང་རིག་གཞུང་གི་སློབ་སྦྱོང་སྤྲད་དེ་སྐྱེད་སྲིང་བྱེད་པར་ཕན་ཐོགས་བྱུང་ཡོད་པ་དེ་ལྟར་ཡང་རྒྱ་ནག་གཞུང་གི་མི་རིགས་གི་སྲིད་བྱུས་འོག་བོད་པའི་མི་རིགས་ཀྱི་ཤེས་ཡོན་བསྟི་གནས་གྲགས་ཅན་འདི་ལྟ་བུ་སྒོ་བརྒྱབ་པར་གདུང་སཉམས་མཉམ་སྐྱེད་དང་རྒྱབ་སྐྱོར།  འདི་སྐོར་གོ་རྟོགས་སླད་ལས་འགུལ་སྤེལ་བར།  ས་གནས་བོད་མི་དང་རྒྱ་མི་རིགས་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་བརྒྱ་མིན་ཙམ་གྱིས་མཉམ་ཞུགས་བྱས་ཡོད་པ་རེད། 

གསར་འགོད་པ། ཨོ་རྒྱན།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org