རྒྱ་གཞུང་གིས་དགེ་འདུན་པ་ལྔ་ལ་བཙོན་འཇུག་ཁྲིམས་ཐག
བོད་ཀྱི་གཞིས་ཀ་རྩེ་ས་ཁུལ་གྱི་དགེ་འདུན་གྲངས་ལྔ་ལ་ལོ་ངོ་བཞི་ནས་ལྔའི་བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག
-
2012-03-03 -
-
-
༄༅༎བོད་ཀྱི་གཞིས་ཀ་རྩེ་ས་ཁུལ་གྱི་གླིང་ཁ་དགོན་གྱི་མཁན་པོ་བཟང་པོ་ལགས་དང་།གཞན་དགེ་འདུན་པ་འཇམ་དབྱངས་ཚེ་རིང་སོགས་དགེ་འདུན་གྲངས་ལྔ་ལ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་པར་ལོ་ངོ་བཞི་ནས་ལྔའི་བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག
སྤྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༢ ཉིན་རྒྱ་ནག་གཞུང་གི་གཏེར་འདོན་ཚན་པ་ཞིག་གིས་གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་རྟ་སྨོ་ཤང་གི་གླིང་ཀ་དགོན་པའི་རྒྱབ་ངོས་སུ་གཏེར་རིགས་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་དེར་གཏེར་ཁ་བསྔོག་འདོན་བྱེད་པར་ཡོང་སྐབས། གླིང་ཀ་དགོན་པའི་དགེ་འདུན་པས་སྣེ་འཁྲིད་འོག་ཡུལ་མི་མང་པོས་གཏེར་ཁ་བསྔོག་འདོན་བྱེད་པར་ངོ་རྒོལ་གྱིས་བཀག་འགོག་བྱས་འདུག ཡིན་ནའང་གཏེར་འདོན་ཚན་པའི་མི་སྣ་དང་འབྲེལ་ཡོད་ས་གནས་དཔོན་རིགས་ཀྱིས་ཐབས་མཁས་བྱེད་ནས་མུ་མཐུད་ནས་གཏེར་ཁ་སྔོག་འདོན་བྱེད་རྩིས་བྱས་ཀྱང་། མི་མང་གིས་ཁོ་ཚོའི་གཡོ་ཐབས་ལ་མགོ་མ་འཁོར་བར་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༢ ནས་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༨ བར་དུས་རྒྱུན་རིང་པོར་རྣམ་པ་འདྲ་མིན་གྱི་ངོ་རྒོལ་བསྟུད་མར་བྱས་པའི་རྐྱེན་གྱིས། བཞད་མཐོང་སྨོན་རྫོང་གི་ཉེན་རྟོག་པ་བསླེབས་ནས་བཀག་འགོག་བྱས་ཏེ། ཉེན་རྟོག་པ་དང་མི་མང་བར་གདོང་ཐུག་དང་ཕན་ཚུན་ཁ་རྡུང་ཤུགས་ཆེན་བྱུང་ཞིང་། དེ་དུས་མང་ཚོགས་མང་པོ་ཡོད་ཕྱིར་ཉེན་རྟོག་པས་ཁ་མཁས་ངང་ངོ་རྒོལ་བ་ཚོ་ཁ་གཏོར་གཏོང་ཐབས་བྱས་ཀྱང་དོན་ཕན་མ་བྱུང་བས།
གཞིས་ཀ་རྩེ་ས་ཁུལ་ནས་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་འབོར་ཆེན་བསླེབས་ནས་དགེ་འདུན་པ་དང་། མི་མང་མང་པོར་ཉེས་རྡུང་བཏང་བ་མ་ཟད། གླིང་ག་དགོན་པའི་མཁན་པོ་བཟང་པོ་དང་འཇམ་དབྱངས་ཚེ་རིང་། ཚེ་དབང་རྡོ་རྗེ། རིག་འཛིན་པདྨ་། འཇམ་དབྱངས་རིག་བཟང་བཅས་དགེ་འདུན་པ་དང་། དེ་མིན་མི་སྐྱ་བཅུ་གཉིས་ཙམ་འཛིན་བཟུང་བྱས་པའི་ཁྲོད་མི་གཉིས་གློད་བཀྲོལ་བཏང་བ་མ་གཏོགས།
གཞན་པ་རྣམས་གཞིས་ཀ་རྩེ་ས་ཁུལ་དུ་བཙོན་འཇུག་འོག་བཀག་ཉར་བྱེད་མུས་ཡིན་པ་དང་། ཡང་ཁ་ཤས་ཤིག་བཞད་མཐོང་སྨོན་རྫོང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཁག་ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་གཏེར་འདོན་ཚན་པས་ས་གནས་ཡུལ་མིའི་འདོད་མོས་མེད་བཞིན་དུ་དྲག་གནོན་བྱས་ཏེ། གཏེར་ཁ་སྔོག་འདོན་ཤུགས་ཆེ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ད་ཆ་གླིང་ཁ་དགོན་གྱི་མཁན་པོ་བཟང་པོ་ལགས་དང་། གཞན་དགེ་འདུན་པ་འཇམ་དབྱང་ཚེ་རིང་སོགས་དགེ་འདུན་གྲངས་ལྔ་ལ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་པར། ལོ་ངོ་བཞི་ནས་ལྔའི་བར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག།