བོད་ཀྱི་གནས་ཚུལ་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་ལ་ངོ་རྒོལ།
རྒྱ་ནག་གཞུང་ནས་བོད་ཀྱི་གནས་ཚུལ་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པར་ཨ་རིའི་ནང་གི་བོད་མི་ཚོས་ངོ་རྒོལ་བྱེད་ཡོད་པའི་སྐོར།
-
2011-07-14 -
-
-
༄༅༎རྒྱ་ནག་གཞུང་ནས་བོད་ཀྱི་གནས་ཚུལ་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པར་ཨ་རིའི་ནང་གི་བོད་མི་ཚོས་ངོ་རྒོལ་བྱེད་ཡོད་པའི་གནས་ཚུལ་ཐོན་འདུག
ཁ་ས་ཚེས་བཅུ་གསུམ་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱ་ནག་གཞུང་ཚབ་མདུན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་བོད་མི་ཁག་ཅིག་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ནས། རྒྱ་ནག་གཞུང་ནས་བོད་བཅིངས་བཀྲོལ་བཏང་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཚོད་དང་བསྟུན་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དང་མི་འཚམས་པའི་བཀྲོག་གཏམ་སྤེལ་བཞིན་པ་དེར་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ལ་དེ་ནི་འཛམ་གླིང་ལ་མགོ་བསྐོར་བཏང་བའི་བྱ་སྤྱོད་ཤིག་རེད། བོད་ནང་གི་བོད་མི་ཚོས་དེ་སྔ་ལས་ལྷག་པའི་རང་དབང་དགོས་པའི་འདུན་པ་ཤུགས་ཆེ་རུ་ཕྱིན་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོས་ད་རེས་ངོ་རྒོལ་གྱི་ལས་འགུལ་འདི་བརྒྱུད་ནས་རྒྱ་ནག་གཞུང་ནས་ང་ཚོའི་འདུན་པ་དང་སེམས་ཤུགས་བཅོག་ཐུབ་ཀྱི་མེད་པའི་རྣམ་འགྱུར་བཏོན་ཆེད་ཡིན་ཞེས་འགྲེལ་བརྗོད་བྱས་འདུག
ཁ་སའི་ངོ་རྒོལ་གྱི་ལས་འགུལ་སྐབས་རྒྱ་ནག་གཞུང་ནས་བོད་ནང་དམ་དྲག་བྱེད་བཞིན་པ་དང་མཐའ་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཡང་སྲུང་བརྩི་ཞུ་མི་ཆོག་པའི་དམ་དྲག་བྱེད་བཞིན་པར་ཡང་སྐྱོན་བརྗོད་བྱས་ཡོད་པ་རེད།