ཁམས་འཇོ་མདའ་ཁུལ་དུ་འཛིན་བཟུང་བྱས་པའི་བོད་མིའི་སྐོར།

འཇོ་མདའ་ཁུལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་ངོས་ལེན་མ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་ཡོང་ཐབས།

༄༅༎བོད་ཀྱི་ཁམས་འཇོ་མདའ་ཁུལ་མང་ཚོགས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་ངོས་ལེན་མ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་ཡོད་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་དང་འདི་གར་འབྲེལ་ཡོད་མི་སྣ་ཞིག་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན་ཉེ་ཆར་ཁམས་འཇོ་མདའ་ཁུལ་གྱི་དགོན་པ་ཁག་ཅིག་ནང་རྒྱལ་གཅེས་ཆོས་གཅེས་དང་ཏཱ་ལའི་ཁ་བྲལ་རིང་ལུགས་པར་ངོ་རྒོལ་ཟེར་བའི་ཡིག་ཆར་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པའི་གནས་ཚུལ་བྱུང་ཡོད་པར་ལྟར་སྐྱབས་ཆེ་དགོན་པར་ཡང་ལས་འགུལ་དེའི་ཐོག་དགེ་འདུན་པ་རྣམས་ནས་ངོས་ལེན་རྩ་བ་ནས་མ་བྱས་པར་བརྟེན་རྙོག་དྲ་བྱུང་ནས་མཐར་དགེ་འདུན་པ་རྣམས་ཕྱོགས་མཐར་ཉེན་གཡོལ་དུ་ཕེབས་དགོས་བྱུང་ནས་དགོན་པ་སྟོང་པ་ཆགས་ཡོད་འདུག ཉིན་ཤས་གོང་ཉེན་རྟོག་པ་ཡོང་ནས་གལ་སྲིད་དགེ་འདུན་པ་རྣམས་ཕྱིར་ལོག་མ་ཡོང་ཚེ་དགོན་པ་རྩ་མེད་གཏོང་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ནས་མཐར་མི་འགའ་ཤས་འཛིན་བཟུང་བྱས་ཡོད་འདུག འཛིན་བཟུང་བྱས་པའི་མི་སྣ་དེ་དག་གློད་བཀྲོལ་ཡོང་ཐབས་སུ་མི་མང་ཚོས་ཞུ་གཏུགས་བྱེད་པའི་སྐབས་དུག་རླང་དང་མེ་མདའ་མང་པོ་རྒྱབ་པ་བཅས་ལ་བརྟེན་བོད་མི་གནས་བརྟན་ཚེ་རིང་དང་ཚེ་བརྟན་འགྱུར་མེད།དགེ་ལྷ་སོགས་མང་པོ་ཞིག་རྨས་སྐྱོན་ཕོག་ཡོད་འདུག

ཡང་འདི་ཚེས་བདུན་ཉིན་མི་ཁག་ཅིག་འཇོ་མདའ་རྫོང་དུ་བསྐྱོད་དེ་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་བདུན་ཉིན་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་ཡོང་ཐབས་ཞུས་པར་ད་བར་ཡ་ལན་གང་ཡང་སྤྲད་མེད་པ་བཅས་གང་ལྟར་ཁམས་འཇོ་མདའ་ཁུལ་དུ་རྒྱ་ནག་གཞུང་གི་ཉེན་རྟོག་དམག་མིས་མུ་མཐུད་ནས་དགོན་པ་ཁག་ལ་དམ་བསྒྲགས་དང་མང་ཚོགས་ཞུ་གཏུགས་བྱེད་མཁན་ཚོའི་ཐོག་དྲག་ཤུགས་སྤེལ་བའི་གནས་ཚུལ་མུ་མཐུད་ནས་ཡོང་གི་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org