༸གོང་ས་མཆོག་གི་སྐུ་ཚབ་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་འབྱོར་གནང་གི་ཡོད་པ།
༸གོང་ས་མཆོག་གི་སྐུ་ཚབ་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་ཞི་བའི་གྲོས་མོལ་ཆེད་འབྱོར་གནང་གི་ཡོད་འདུག
-
2008-05-02 -
-
-
༄༅༎ད་རིང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཡིག་ཚང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁ་སྔོན་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་ཤོག་ཐོག་བོད་མིའི་དབུ་ཁྲིད་སྤྱི་ནོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང་། སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཕྱི་ཚེས་ ༥ པའི ཚེས ༣ རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་འབྱོར་གནང་གི་ཡོད་པ་དང་། སྐུ་ཚབ་རྣམ་གཉིས་ཀྱིས་རྒྱ་ནག་གི་དཔོན་རིགས་ལྷན་དུ་མཇལ་འཕྲད་གནང་རྒྱུའི་དུས་ཚོད་ཐུང་ངུ་དེའི་ནང་ད་ལྟའི་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་བཀའ་བསྡུར་གནང་རྒྱུ་དང་སྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་ཧ་ཅང་གི་ཐུཊ་འཚབ་ཆེན་པོ་གནང་གི་ཡོད་པ་དང་བོད་ནང་ཞི་བདེ་ལྷིང་འཇགས་ཡོང་རྒྱུའི་དགོངས་གཞི་ཁག་གསལ་བཤད་ཞུ་རྒྱུ་དང་། ད་དུང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱིའི་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་མུ་མཐུད་གྲོས་མོལ་བྱ་རྒྱུའི་ལངས་ཕྱོགས་གསལ་བསྒྲགས་བྱས་པར་བཞིན་བོད་ཀྱི་དཀའ་རྙོག་སེལ་ཐབས་ཐད་ཕྱོགས་གཉིས་པོར་དོན་ཕན་ལྡན་པའི་གོམ་པ་མདུན་སྤོས་ཀྱི་ལས་དོན་སྤེལ་ཕྱོགས་ཀྱི་རྒྱུད་རིམ་ཐོག་ལའང་གླེང་སློང་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ཡིན་ནའང་གསལ་བསྒྲགས་དེའི་ནང་སྐུ་ཚབ་རྣམས་རྒྱ་ནག་གི་ས་ཆ་ག་པར་གྲོས་མོལ་གནང་གི་ཡོད་མེད་དང་དུས་ཚོད་ག་དུས་འགོ་བཙུགས་གནང་གི་ཡོད་མེད་གནས་ཚུལ་ཞིབ་ཕྲ་གསུང་མེད་པ་རེད༎