བཙན་བྱོལ་གཞུང་ནས་གཞོན་སྐྱེས་ཀྱི་ཡར་རྒྱས་སྐོར་ལས་འཆར།

བཙན་བྱོལ་བོད་གཞུང་གི་སིམ་ལ་བདེ་དོན་ལས་ཁུངས་ཀྱིས་བོད་རིགས་གཞོན་སྐྱེས་ཡར་རྒྱས་དང་འབྲེལ་བའི་ལས་འཆར་ཞིག་གོ་སྒྲིག་གནང་བ།

༄༅༎བཙན་བྱོལ་བོད་གཞུང་གི་སིམ་ལ་བདེ་དོན་ལས་ཁུངས་ཀྱིས་བོད་རིགས་གཞོན་སྐྱེས་ཡར་རྒྱས་དང་འབྲེལ་བའི་ལས་འཆར་ཞིག་གོ་སྒྲིག་གནང་ཐུབ་པ་བྱུང་བའི་གནས་ཚུལ་ཐོན་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་འཛུགས་བསྐྲུན་ཡར་རྒྱས་འཆར་གཞི་གཞིར་བཟུང་སིམ་ལ་བདེ་དོན་ལས་ཁུངས་ཀྱིས་རེས་གཟའ་ཉི་མ་ཉིན་བོད་རིགས་གཞོན་སྐྱེས་ཡར་རྒྱས་གཏོང་རྒྱུའི་ལས་འཆར་ཞིག་གོ་སྒྲིག་གནང་ཐུབ་པ་བྱུང་ཡོད་པ་རེད།

གོང་ཞུས་ལས་འཆར་དེར་སིམ་ལ་གྲོང་ཁྱེར་གྱི་ས་ཁུལ་ཁག་བརྒྱད་ནས་གཞོན་སྐྱེས་གྲངས་དྲུག་ཅུ་རེ་ལྔ་ཙམ་ཞིག་ལས་འཆར་དེར་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་བོད་ཀྱི་ནང་ཆོས་དང་འབྲེལ་བའི་སྐོར་ལ་སིམ་ལར་རྟེན་གཞི་བྱས་པའི་བོད་དགོན་ཐུབ་བསྟན་རྡོ་རྗེ་གྲགས་ཀྱི་དགེ་འདུན་པ་ཤེས་གྲུབ་ཡོན་ཏན་ལགས་ཀྱིས་ངོ་སྤྲོད་དང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀུན་ཕན་ཚོགས་པའི་འགན་འཛིན་བསྟན་འཛིན་ལེགས་འཕེལ་ལགས་ཀྱིས་ཨེ་ཛེ་ནད་གཞི་དང་ཐ་མག་ཉལ་ཐ་སོགས་ཀྱི་སྐྱོན་གནད་སྐོར་གཏམ་བཤད་གནང་ཡོད་པ་རེད།

དེ་བཞིན་སིམ་ལ་བདེ་དོན་བསྟན་འཛིན་དངོས་གྲུབ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གིས་བོད་རིགས་གཞོན་སྐྱེས་ཚོར་མ་འོངས་མདུན་ལམ་གྱི་ལས་འཆར་ཇི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེར་ཕེབས་གཞོན་ནུ་ཁག་གི་དགོངས་འཆར་ཇི་ཡོད་རྗེས་སུ་བསྡུ་རུབ་གནང་བའི་ནང་སིམ་ལ་ས་ཁུལ་དུ་རིག་གཞུང་དང་འབྲེལ་བའི་ལས་དོན་གང་མང་སྤེལ་དགོས་པའི་སྐོར་དང་འཚོ་བའི་ལས་ཀ་འཚུལ་གྲུབ་བྱེད་ཕྱོགས་དང་འབྲེལ་བའི་ལམ་སྟོན།ལས་ཀ་འཚོལ་གྲུབ་བྱེད་ཡུལ་གྱི་ལྟེ་གནས་དང་རྩེད་ཐང་དེ་བཞིན་ཕ་མ་ཚོར་ཕྲུ་གུ་འཚོ་སྐྱོངས་བྱེད་ཕྱོགས་ཀྱི་སྦྱོང་བདར་དང་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སོགས་དགོས་པའི་དགོངས་འཆར་བཏོན་ཡོད་པ་རེད། སིམ་ལ་བདེ་དོན་ལས་ཁུངས་ཀྱི་དྲུང་ཡིག་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གོང་ཞུས་ཀྱི་དགོངས་འཆར་ཁག་ལག་ལེན་དུ་འཁེལ་རྒྱུར་འབྲེལ་ཡོད་ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་སྐོར་འབོད་བསྐུལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org