ད་ལོ་བོད་པའི་སློབ་གྲྭ་ཁག་གིས་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཁྲོད་གྲུབ་འབྲས་བཟང་ཤོས་བླངས་འདུག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་བཅུ་གསུམ་འཛིན་རིམ་བཅུ་གཉིས་ཀྱི་ཡིག་ཚད་ལ་འཛུལ་ཞུགས་ཀྱིས་རྒྱུགས་འཕྲོད་པའི་གྲངས་ཚད་བརྒྱ་ཆ་༩༩་༦༩ལོན་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་འཕྲོད་པའི་གྲངས་ཚད་མཐོ་ཤོས་ཆགས་འདུག

བཙན་བྱོལ་བོད་མིའི་སློབ་གྲྭ་ཞིག་གི་སློབ་ཕྲུག ༼ཟླ་ཚེས་མི་གསལ CTA

འདི་ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་དང་བཅུ་པའི་ཡིག་ཚད་ཀྱི་གྲུབ་འབྲས་སྐར་གྲངས་ཉེ་ཆར་སྤྱི་ཟླ་༥པའི་ཚེས་༡༣ཉིན་ཡོངས་བསྒྲགས་གནང་ཡོད་ཅིང་། འཛིན་རིམ་བཅུ་གཉིས་ཀྱི་ཡིག་ཚད་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་བཅུ་གསུམ་མཉམ་ཞུགས་གནང་སྟེ། ཡིག་རྒྱུགས་འཕྲོད་པའི་གྲངས་ཚད་བརྒྱ་ཆ་༩༩་༦༩ལོན་པ་མ་ཟད། སློབ་གྲྭ་ཁག་བཅུ་གསུམ་ལས་སློབ་གྲྭ་བཅུ་གཅིག་གིས་བརྒྱ་ཆའི་བརྒྱ་ཐམ་པ་ཡིག་ཚད་འཕྲོད་ཡོད་པས་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་འཕྲོད་པའི་གྲངས་ཚད་མཐོ་ཤོས་སུ་གྱུར་ཡོད་པ། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ད་དུང་ཁོང་གིས། འདི་ལོ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་བའི་ནང་ཤེས་རིག་གི་ཁྱབ་ཁོངས་སློབ་གྲྭ་༢༣ འཛུལ་ཞུགས་བྱས་ཡོད་པ་དང་། དེ་ཚོ་འང་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ནི་༩༧་༡༢ཆགས་ཡོད་པའི་ཁར། སློབ་གྲྭ་ཁག་༢༣་ནས་སློབ་གྲྭ་༡༣ གྱི་ཡིག་རྒྱུགས་བརྒྱ་ཆའི་བརྒྱ་ཐམ་པ་འཕྲོད་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ན་ནིང་ལོའི་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་ཚད་འཕྲོད་པའི་གྲངས་ཚད་ནི། བརྒྱ་ཆ་༩༨་༣༩ཡིན་པས་འདི་ལོ་བརྒྱ་ཆ་ཅིག་ལྷག་འཕར་ཡོད་པའི་མུར། ཆ་སྙོམས་སྤུས་ཚད་ཀྱི་ཆ་ནས་ཀྱང་ན་ནིང་བརྒྱ་ཆ་༧༣་༣༡ཡིན་པ་དང་། འདི་ལོ་བརྒྱ་ཆ་༧༥ལྷག་ཡིན་པ་མ་ཟད། འཛིན་གྲྭ་བཅུ་བ་ལ་མཚོན་ནའང་ཡིག་རྒྱུགས་འཕྲོད་པའི་གྲངས་ཚད་ན་ནིང་བརྒྱ་ཆ་༩༥་༧༨དང་། འདི་ལོ་བརྒྱ་ཆ་༩༧་༡༢ཡིན་པས་བརྒྱ་ཆ་གཉིས་ཡར་འཕར་ཡོད་པ་དང་། སྤུས་ཚད་ཀྱི་ཐོག་ནས་ཀྱང་ན་ནིང་བརྒྱ་ཆ་༦༡་༧༤དང་འདི་ལོ་བརྒྱ་ཆ་༦༣་༣ཡིན་པས་སྔ་ལོ་དང་བསྡུར་ན་ཡར་རྒྱས་སུ་ཕྱིན་པ་དང་། ཡང་འདི་ལོར་སྤྱིར་བཏང་སམ་བྷོ་ཊའི་ཁྱབ་ཁོངས་ཡིན་པ་གང་ཞིག་ལ། དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ནས་སམ་བྷོ་ཊའི་ཁྱབ་ཁོངས་སུ་མིང་བསྒྱུར་བྱས་མ་ཟིན་པའི་གཏན་སློབ་ཁག་ཅིག་ཡོད་པ་རྣམས། རྒྱ་གར་དབུས་གཞུང་གིས་ཐད་ཀར་རོགས་སྐྱོར་གྱི་སློབ་ཚོགས་ཁག་ནས་རྩེ་ཕུད་ཆགས་ཡོད་པའང་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། རྡ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་དུ་མ་སུ་རིའི་བོད་ཁྱིམ་སློབ་གྲྭ་སོགས་རྒྱ་གར་ནང་ཡོད་པ་མ་ཟད། བལ་ཡུལ་ནང་ཡོད་པའི་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་བཅས་ཚུད་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org