ཨ་རིའི་རྒྱལ་སར་བོད་དོན་ཆེད་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་རྒྱུ།
འདི་ལོ་གསུམ་བཅུའི་དུས་དྲན་སྐབས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་བོད་དོན་ཆེད་རྔམ་སྟོན་ཁྲོམ་སྐོར་དམིགས་བསལ་ཞིག་གནང་གཏན་འཁེལ་འདུག
-
2009-03-01 -
-
-
༄༅༎འདི་ལོ་གསུམ་བཅུའི་དུས་དྲན་སྐབས་ཨ་རིིའི་ཤར་ཕྱོགས་ཀྱི་བོད་མི་ཁག་ཅིག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་བོད་དོན་ཆེད་རྔམ་སྟོན་ཁྲོམ་སྐོར་དམིགས་བསལ་ཞིག་གནང་གཏན་འཁེལ་འདུག
སྤྱིར་སྟངས་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩིའི་སྐབས་བོད་མི་གནས་སྡོད་ཀི་ས་ཁུལ་ཁྱོན་ཡོངས་སུ་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་ལྟར་བྱང་ཨ་རིའི་ནང་གཏན་སྡོད་བོད་མི་ཚོས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ལོ་སེ་ཨེན་ཇེ་ལེ་སི།ཤི་ཁ་གོ།ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་བཅས་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་རྒྱུར་ཉེ་དུས་བྱང་ཨ་རིའི་བོད་མིའི་མཐུན་ཚོགས་ཀྱི་ལོ་གཉིས་རེའི་ཚོགས་ཆེན་ཐོག་གཏན་འབེབས་གནང་ཡོད་རེད། འོན་ཀྱང་རང་དབང་ཅན་གྱི་ཚོགས་སྡེ་ཁག་ཅིག་གིས་བོད་དོན་ལས་འགུལ་དམིགས་བསལ་མང་པོ་སྤེལ་གྱི་ཡོད་པ་ལྟར་ཕྱི་ཟླ་གསུམ་པའི་ཚེ་དགུ་ཉིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཉིས་གཙོས་པའི་ཤར་ཕྱོགས་སུ་བོད་མི་མང་དག་ཅིག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འདུ་འཛོམས་ཀྱིས་ཨ་རིའི་སྲིད་འཛིན་གྱི་ལས་ཁུངས་མདུན་ནས་རྒྱ་ནག་གི་གཞུང་ཚབ་བར་ཁྲོམ་སྐོར་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུར་ཡིན་འདུག ལས་འགུལ་གྱིས་མཛད་སྒོའི་ཐོག་གཏམ་བཤད་གནང་མཁན་གྲས་སུ་བོད་མི་མང་སྤྱི་འཐུས་ཚེ་བརྟེན་ནོར་བུ་ལགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོལ་ལགས་སོགས་གདན་ཞུ་གནང་ཡོད་འདུག དེའི་གོང་ཕྱི་ཟླ་གསུམ་པའི་ཚེས་བདུན་ཉིན་ནིའུ་ཡོག་ཏུ་བོད་དོན་དང་འབྲེལ་བའི་དམིགས་བསལ་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་གནང་ཡོད་འདུག གཏམ་བཤད་གནང་མཁན་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་སྤྱི་འཐུས་ཚེ་བརྟེན་ནོར་བུ་ལགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་བཅས་ཡིན་འདུག ཡང་ཚེས་བཅུ་ཉིན་རྒྱལ་ས་ལྦ་ཤིང་ཀྲོན་དུའང་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོར་ཡང་བོད་དོན་སྐོར་དམིགས་བསལ་བགྲོ་གླེང་ཞིག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་གི་ཡོད་འདུག།