བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་བྱས་འདུག
ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་མདུན་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་བྱས་འདུག
- 2023-09-20
-
-
-
Your browser doesn’t support HTML5 audio
རྒྱ་ནག་གི་སྲིད་འཛིན་གཞོན་པ་(Han Zheng)་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕྱི་ཟླ་༩བའི་ཚེས་༡༩ནས་༢༦བར་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་མཉམ་ཞུགས་ཆེད་ཡོང་ཡོད་པར་བརྟེན། འདི་ཚེས་༢༠གཟའ་ལྷག་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོ་བཙན་ཤེད་ཀྱིས་རང་གི་ཕ་མ་དང་ཁ་ཐག་རིང་བའི་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བཅུག་སྟེ། རྒྱ་བསྒྱུར་སློབ་གསོ་སྤེལ་བའི་གནས་སྟངས་འོག་བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་བ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག
དེ་འབྲེལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤེལ་བའི་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་དྲག་རྩུབ་ཅན་གྱི་སྲིད་ཇུས་དང་། ལྷག་པར་དུ་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པར་བརྟེན་རྒྱ་ནག་གི་སྲིད་འཛིན་གཞོན་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་པར་ངོ་རྒོལ་ཡོད་པ་དང་། རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་ཐབས་ཆེད་བོད་ནང་བཙུགས་ཡོད་པའི་བཅའ་སྡོད་སློབ་གྲྭ་ཁག་སྒོ་རྒྱག་དགོས་བའི་འབོད་སྐུལ་གནང་འདུག
སྐབས་དེར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དང་། གཞན་རྒྱ་རིགས་དམངས་གཙོ་དོན་གཉེར་བ། རྩ་རླུང་སྒོམ་བསྒྲུབ་ཚོགས་པ། ཡུ་གུར་དང་ཧོང་ཀོང་གི་ལས་འགུལ་བ་སོགས་མང་པོ་མཉམ་དུ་འཛོམས་ནས་ངོ་རྒོལ་སྐད་འབོད་བྱས་འདུག
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།