སྤྱི་འཐུས་ལྷན་ཚོགས་ནས་ཨ་རིའི་གྲོས་ཚོགས་ལ་ཐུཌ་རྗེ་ཞུས་སྐོར།

ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བོད་སྐོར་གྲོས་ཆོད་བཞག་གནང་བ་དེར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅༎ཉེ་ལམ་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་བོད་ཀྱི་མ་འོངས་པའི་གནས་བབ་སྐོར་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷག་བསམ་རྣམ་དག་ཐོག་གྲོས་མོལ་གནང་དགོས་པའི་འབོད་བསྐུལ་གྱི་གྲོས་ཆོད་བཞག་གནང་བ་དེར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་སྲིད་འཛིན་གཞོན་པ་གཅིག་ལྕོག་སྐུ་ཞབས་ཌིག་ཆེ་ནི་མཆོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་བཙན་བྱོལ་བོད་མི་མང་སྤྱི་འཐུས་རྣམས་ཀྱི་དཀའ་སྡུག་མྱོང་བཞིན་པའི་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ནས་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་པའི་གནས་བབ་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ལྷག་བསམ་རྣམ་དག་ཐོག་གྲོས་མོལ་གནང་དགོས་པའི་ཞུ་བསྐུལ་གནང་བ་དེར་ཐུགས་རྗེ་ཆེ་ཞེས་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད་ ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ང་ཚོས་གྲོས་ཚོགས་གོང་མའི་འཐུས་མི་གོར་ཌེན་སི་མིཐ་དང་ར་སེལ་ཕའེན་གོལ་རྣམ་གཉིས་ཀྱིས་གྲོས་ཆོད་དེ་གྲོས་ཚོགས་ནང་བཏོན་གནང་བ་དེར་བཀའ་དྲིན་ཆེ་ཞེས་ཞུས་གནང་ཡོད་པ་རེད་ ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་མུ་མཐུད་ནས་ཕྱག་བྲིས་དེའི་ནང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་གྲོས་ཆོད་ཨང་དྲུག་བརྒྱ་བཞི་ཅུ་ཞེ་གསུམ་ཅན་དེས་ཕྱི་ལོ་༡༩༧༩ལོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་གཞུང་དབར་གྱི་འབྲེལ་མོལ་དེར་གྲུབ་འབྲས་གང་ཡང་མ་སོན་པ་དེ་རྒྱ་ནག་གཞུང་གིས་གྲོས་མོལ་དོན་དངོས་དང་ལྷག་བསམ་ལྡན་པའི་ཐོག་གནང་རྒྱུའི་འདོད་པ་མེད་པའི་རྣམ་འགྱུར་དེ་ངོས་འཛིན་གསལ་པོ་གནང་ཡོད་པ་རེད་ཅེས་གསུང་འདུག དེ་འདྲ་སོང་ཙང་བོད་དང་རྒྱ་ནག་ཐོག་འབྲེལ་བ་ཡོད་མཁན་འཛམ་གླིང་གི་ཡུལ་ཁག་རྣམས་ཀྱིས་ཨ་མི་རི་ཀའི་གྲོས་ཆོད་དེར་རྒྱབ་བསྐྱོར་དང་འབྲེལ་རྒྱ་ནག་གཞུང་ལ་གནད་དོན་དེ་གལ་གནད་ཆེན་པོ་ཡིན་པ་མཁྱེན་རྟོགས་ཡོད་པ་བཟོ་དགོས་པའི་དུས་ལ་བབས་ཡོད་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org