བོད་རིགས་རྩེད་འགྲན་པ་གཉིས་དགུན་དུས་ཨོ་ལིམ་པིཀསི་ནང་མཉམ་ཞུགས་བྱས་འདུག
བོད་རིགས་རྩེད་འགྲན་པ་གཉིས་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་མཉམ་ཞུགས་བྱས་ཡོད་ཀྱང་དབྱངས་ཅན་ལྷ་མོ་ལགས་སྦྱོང་བརྡར་སྐབས་རྨས་སྐྱོན་ཕོག་ནས་ཐོག་མའི་འགྲན་བསྡུར་ནང་ཞུགས་ཐུབ་མི་འདུག
- 2022-02-11
-
-
-
༢༠༢༢་ལོའི་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་གཉིས་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་བྱུང་ཞིང་། ཁོང་གཉིས་ནི་ནག་ཆུ་འབྲི་རུ་ནས་ཡིན་པ་ཚེ་རིང་དགྲ་འདུལ་ལགས་དང་། ཆབ་མདོ་མཛོ་སྒང་ནས་ཡིན་པ་དབྱངས་ཅན་ལྷ་མོ་ལགས་གཉིས་ཡིན་པ་རེད།
ད་ལྟ་རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ན་༡༨་ལ་སོན་པའི་ཚེ་རིང་དགྲ་འདུལ་ལགས་ཀྱིས་བྱེས་བགྲོད་གངས་ཤུད་ཀྱི་སྐྱེས་པའི་མི་སྒེར་གྱི་ཐུང་རྒྱུག་འགྲན་བསྡུར་ནང་ཕྱི་ཟླ་༢་ཚེས་༨་དང་༡༡་སོ་སོར་མཉམ་ཞུགས་བྱས་ཤིང་། ཚེས་༨་ཉིན་གྱི་འགྲན་བསྡུར་ནས་ཨང་༦༠་པ་དང་། ཚེས་༡༡་ཉིན་གྱི་འགྲན་བསྡུར་ནང་ཨང་༦༣་བླངས་ཡོད་འདུག ད་དུང་ཚེས་༡༣་དང་ཚེས་༡༩་ཉིན་མུ་མཐུད་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་བྱ་རྒྱུ་རེད་འདུག ཡང་ལོ་ན་༡༨་ལ་སོན་པའི་དབྱངས་ཅན་ལྷ་མོ་ནི་ཡ་པང་གངས་ཤུད་ཀྱི་ཐེམ་མཆོང་རྗེས་འདེད་ཀྱི་རྣམ་གྲངས་ནང་ཚུད་ཡོད་རུང་། ཚེས་༧་ཉིན་སྦྱོང་བརྡར་བྱེད་སྐབས་རྨས་སྐྱོན་ཕོག་ནས་ཚེས་༩་ཉིན་གྱི་འགྲན་བསྡུར་ནང་མཉམ་ཞུགས་བྱ་ཐུབ་མེད་པ་དང་། སླར་ཡར་མཉམ་ཞུགས་བྱེད་ཐུབ་མིན་ངེས་གཏན་མེད་པ་རེད་འདུག
འདི་ལོ་པེ་ཅིང་དུ་དགུན་དུས་ཨོ་ལིམ་ཕིག་སི་རྩེད་འགྲན་མ་འཚོགས་སྔོན་ནས་བཙན་བྱོལ་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། གཞུང་འབྲེལ་མ་ཡིན་པའི་བོད་དོན་ལས་འགུལ་ཚོགས་པ་ཁག་ནས་ལས་འགུལ་འདྲ་མིན་སྤེལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་དམ་བསྒྲགས་དང་། བོད་མིའི་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་ཇུས་སྤེལ་བཞིན་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བཏང་ལ་ངོ་རྒོལ་གྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྩེད་འགྲན་དེ་རིགས་པེ་ཅིང་ནང་སྐོང་འཚོགས་བྱས་པ་དེ་ནི་འོས་འཚམས་མིན་པའི་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད།
བོད་ཀྱི་ས་ཁུལ་གང་སའི་ནང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་བསྐོང་འཚོགས་བྱེད་བཞིན་པའི་སྐབས་འདིར། བོད་ནང་གི་བོད་མི་མང་པོའི་ཁ་པར་བསྔོགས་བཤེར་གྱིས་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་རྒྱུར་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་འདུག་པར་མ་ཟད། འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་ཡང་འབྱུང་བཞིན་ཡོད་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།