བོད་མིར་སྨན་བཅོས་བྱས་པར་སྨན་པ་འཛིན་བཟུང་བྱས་འདུག
རྒྱལ་ས་ལྷ་སའི་ནང་སྨན་པ་དབྱངས་འཛོམས་ལགས་ནས་ལྐོག་ཏུ་བོད་མིར་སྨན་བཅོས་བྱས་པའི་ཉེས་མིང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
-
2008-05-24 -
-
-
༄༅༎བོད་ཀྱི་རྒྱལ་ས་ལྷ་ས་དང་ ལྷ་སའི་ཉེ་འཁྲིས་གྲོང་གསེབ་ཁག་ཏུ་ཕྱི་ཟླ་གསུམ་པའི་ཚེས་ ༡༠ ནས་བཟུང་བོད་མི་རིགས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་གྱེན་ལངས་བྱེད་སྐབས་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་རྨས་ན་ཡང་ རྒྱ་ནག་གཞུང་གིས་སྨན་བཅོས་མཐུན་རྐྱེན་སྤྲོད་ཀྱི་མེད་སྟབས་ སྨན་པ་དབྱངས་འཛོམས་ལགས་ནས་ལྐོག་ཏུ་བོད་མིར་སྨན་བཅོས་བྱས་པའི་ཉེས་མིང་འོག་ ཕྱི་ཟླ་ ༥ པའི་ཚེས་ ༧ ཉིན་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བར་གཞིགས་ན་ སྨན་པ་དབྱངས་འཛོམས་ལགས་ཀྱྱི་བཟའ་ཟླ་ཤི་ལོག་ལགས་ཀྱང་བོད་ནང་གི་གནས་ཚུལ་ཕྱི་རྒྱལ་ལ་བཏང་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་ཅིང་ ཁོང་བཟའ་མི་གཉིས་ཀ་བགྲེལ་ཡོལ་བ་ཡིན་ཡང་ དབྱངས་འཛོམས་ལགས་སྨན་ཁང་དེར་ལས་ཀ་མུ་མཐུད་བྱེད་ཀྱི་ཡོད་པ་རེད་ ཡང་ཉེ་དུས་འཕན་པོ་དང་མང་དྲོ་གུང་དཀར་ཁུལ་ནས་འཛིན་བཟུང་བྱས་པའི་བོད་མི་མང་པོ་གློད་བཀྲོལ་བཏང་བའི་ཁོངས་ནས་བོད་མི་མང་པོར་ཉེས་རྡུང་ཚབས་ཆེན་བཏང་བའི་དབང་གིས་གཙོང་ནད་ཕོག་ཡོད་ཅིང་ རྒས་པོ་ཀུན་དགའ་ཟེར་བ་ཞིག་གློད་བཀྲོལ་བཏང་ནས་ཉིན་གསུམ་རྗེས་འདས་གྲོངས་སུ་གྱུར་ཡོད་པ་རེད་ ཡང་འཕན་པོ་ཁུལ་དུ་རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་འཁྲིད་པའི་ལས་དོན་ཚོགས་ཆུང་ཞེས་པ་བཙུགས་ནས་མི་ཚང་རེ་རེར་གྲ་བཙུན་ཡོད་མེད་དང་ ཕྱི་རྒྱལ་དུ་སྤུན་མཆེད་ཡོད་མེད་འདྲི་བརྩད་བྱེད་པ་དང་སྦྲགས་ ཁས་ལེན་ཡིག་ཆར་བཙན་ཤེད་ཀྱི་ས་རྟགས་འགོད་དུ་འཇུག་པ་སོགས་ཁ་བྲལ་ལ་ངོ་རྒོལ་དང་ བརྟན་ལྷིང་སྲུང་སྐྱོབ་བྱས་དགོས་ཞེས་པའི་ལས་འགུལ་སྤེལ་བཞིན་ཡོད་སྐོར་བོད་གཞུང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་འདུག་