བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ་ཚོགས་འདུག
རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་བའི་ཚོགས་འདུ་ཐེངས་གཉིས་པ་བསྐོང་འཚོགས་གནང་འདུག
- 2024-01-05
-
-
-
དེ་ཡང་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ་འདི་ཚེས་༤་བར་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷེང་ལོར་(Bangalore)་ནང་གི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སྐོང་འཚོགས་གནང་ཡོད་པ་དང་། ཚོགས་འདུ་དེ་ནི་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པ་སློབ་གཉེར་མཐར་སོན་པའི་བོད་པའི་སློབ་མ་གསར་པ་རྣམས་ལས་ཀའི་གོ་སྐབས་འཚོལ་མཁན་ཚོར་ལས་ཀ་འཚོལ་ཕྱོགས་དང་རྣམ་དཔྱོད་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ཡིན་པ་དང་། ལྷག་དོན་ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི། བརྡ་འཕྲིན་ཆེད་ལས་པ་རྣམས་ཀྱི་ནུས་པ་བསྐྱེད་སྲིང་དང་། ཆེད་ལས་པའི་རྣམ་དཔྱོད་དང་ལག་རྩལ་གོང་འཕེལ་གཏོང་བ། ཆེད་ལས་པ་ནང་ཁུལ་དུ་འབྲེལ་བ་འཛུགས་རྒྱུའི་ཆེད། ད་དུང་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ནང་ཆེད་ལས་པར་ལས་ཀའི་གོ་སྐབས་མཁོ་སྤྲོད་གནང་ཐབས་བཅས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད་འདུག
ཚོགས་འདུའི་སྐབས་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པ་ཇི་ཙམ་གལ་འགངས་ཆེན་པོ་ཡིན་པ་དང་། དེང་སྐབས་འཛམ་གླིང་ནང་འཕྲུལ་རིག་ཡར་རྒྱས་འགྲོ་བཞིན་པའི་ནང་གོ་སྐབས་དམ་འཛིན་གྱིས་མདུན་སྐྱོད་བྱེད་ཕྱོགས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དཔྱད་གཞིའི་གྲངས་ཐོ་རྣམས་འཕྲུལ་རིགས་ནང་འཇུག་བཞིན་པའི་ལས་དོན་འཆར་གཞི་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་དང་། ཆེད་ལས་པ་རྣམས་དང་བགྲོ་གླེང་ཡང་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
དེ་བཞིན་སྐབས་དེའི་དམིགས་བསལ་སྐུ་མགྲོན་ཨ་མི་རི་ཀའི་རྒྱལ་སྤྱིའི་སྤྱི་ཚོགས་ཡར་རྒྱས་ཚོགས་པའི་འཛིན་སྐྱོང་ལས་གཞིའི་ཆེད་ལས་པ་ལྕམ་(Radharani Thakuria)་ལགས་ཀྱིས། བཙན་བྱོལ་བོད་མི་རྣམས་ནི་འཛམ་གླིང་ནང་ནས་སྐྱབས་བཅོལ་བ་ཚགས་ཚུད་ཤོས་ཤིག་ཡིན་པའི་སྐོར་གསུངས་པ་མ་ཟད། བོད་དང་བོད་མིའི་གནད་དོན་ཐོག་ལ་སྔར་བཞིན་རྒྱབ་སྐྱོར་གྱི་ཕྱག་ལས་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུའི་སྐོར་གསུངས་ཡོད་པ་རེད་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།