བོད་ཁམས་འབྲི་རུ་རྫོང་དུ་བོད་མི་འཛིན་བཟུང༌།
2012.04.11
༄༅༎རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་གི་ཤེས་ལྡན་པ་ཁག་ཅིག་ལ་ཉེས་མིང་འདྲ་མིན་བཏགས་ཏེ་སྔ་ཕྱིར་འཛིན་བཟུང་བྱས་པ་དང༌། ད་ལྟའི་ཆར་ཁོང་རྣམས་ས་གནས་གང་དུ་དོ་དམ་བྱས་ཡོད་མེད་དང༌། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་ཁ་གསལ་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པའི་ནང༌། རྒྱ་ནག་གཞུང་གིས་འདི་ལོ་སྔ་ཕྱིར་ཁམས་འབྲི་རུ་རྫོང་ཁུལ་མཚན་སྙན་ཆེ་བའི་གསོ་རིགས་མཁས་པ་སྨན་པ་ཨུ་རྒྱན་བསྟན་འཛིན་ལགས་སུ་ས་གནས་ཉེན་རྟོག་པས་འདྲི་རྩད་བྱས་པ་མ་ཟད། ལྷ་སར་བོད་སྨན་ཉོ་བར་འགྲོ་དགོས་པའི་ཁ་གཡར་ཏེ་ལྷ་སར་ཁྲིད་པའི་རྗེས་ལྷ་སའི་སྤྱི་བདེ་ཉེན་རྟོག་པས་མུ་མཐུད་འདྲི་རྩད་དང་བཀག་ཉར་བྱས་ཡོད་པ་རེད། གནས་ཚུལ་ནང་དུ་བཀོད་པར་གཞིགས་ན། སྨན་པ་ཨུ་རྒྱན་བསྟན་འཛིན་ལགས་སུ་ཉེས་ཁག་བཙུགས་ས་གང་ཡང་མེད་པར་རྒྱ་ནག་གཞུང་གིས་གང་བྱུང་དུ་འཛིན་བཟུང་བྱས་པ་ངོས་འཛིན་བྱེད་པ་དང༌། སྨན་པ་ཁོང་ནི་ལོ་ངོ་༥༠ རིང་ནད་པ་མང་པོར་སྨན་བཅོས་བྱས་པ་དང༌། དེའི་ནང་ནས་ནད་པ་ཉམ་ཐག་ལ་རིན་མེད་དུ་སྨན་བཅོས་བྱེད་པའི་ཁར་གྲ་བཙུན་དང་སློབ་གྲ་སོགས་ཤེས་ཡོན་སྡེ་ཚན་ལ་དཔལ་འབྱོར་གྱི་རོགས་སྐྱོར་གནང་བ་སོགས་སྤྱི་ཚོགས་ཕན་བདེའི་བྱ་གཞག་སྒྲུབ་མཁན་ཞིག་ཡིན་པ་རེད། དེ་བཞིན་དུ་ཕྱི་ཟླ་༢ པའི་ཚེས་༢༥ ཙམ་ལ། ཕ་ཡུལ་ཁམས་འབྲི་རུ་རྫོང་བརླན་ཆུ་ཤང་ནས་ཡིན་པའི་བསྟན་འཛིན་ཐབས་མཁས་ལགས། ཁོང་ལ་ནག་ཉེས་མེད་ཀྱང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་འཚེ་བཟོ་མཁན་གྱི་དོགས་གཞིར་ལྷ་ས་ནས་འཛིན་བཟུང་བྱས་པ་དང༌། ཁོང་ནི་བོད་ལྗོངས་གསོ་རིག་སློབ་གྲ་ཆེན་མོ་ནས་མཐར་སོན་པའི་རྗེས་བོད་ཀྱི་ས་ཁུལ་ཁག་ཅིག་ལ་བོད་ཡིག་སློབ་ཁྲིད་གནང་མ་ཟད། དེང་སྐབས་ལྷ་སའི་སྒེར་གྱི་སློབ་གྲ་ཞིག་ལ་དགེ་རྒན་ཡིན་ཞིང༌། ཡང་ཕྱི་ཟླ་༢ པའི་ཚེས་༢༦ ཉིན་ཁམས་འབྲི་རུ་རྫོང་འབྲི་ལུང་ཤང་ནས་ཡིན་པའི་དགེ་རྒན་མགོན་པོ་ཀླུ་དབང་ལགས་དང༌། བོམ་ཕན་ཤང་ནས་ཡིན་པའི་རྒན་མར་རིལ་པ་སངས་ལགས་གཉིས་འབྲི་རུ་རྫོང་ནས་འཛིན་བཟུང་བྱས་པ་དང༌། ཁོང་གཉིས་ནི་བོད་མིའི་ཁྲོད་ཡིག་རྨོངས་ཀྱི་དཀའ་ངལ་སེལ་ཐབས་སུ་དམིགས་པའི་འབྲི་རུ་རྫོང་ཐོག་ཏུ་བཙུགས་པའི་སྒེར་གྱི་བོད་ཡིག་སློབ་གྲ་ཞིག་གི་དགེ་རྒན་ཡིན་པ་རེད། དེ་ནས་ཕྱི་ཟླ་གསུམ་པའི་ཚེས་༢༣ ཉིན་འབྲི་རུ་རྫོང་བོམ་ཕན་ཤང་ནས་ཡིན་པའི་ཚོང་པ་ཉི་མ་ཚེ་རིང་ལགས་ནག་ཉེས་མེད་པར་འཛིན་བཟུང་བྱས་པ་དང༌། ཁོང་ནི་ཐོག་མར་དབྱར་རྩྭ་དགུན་འབུ་དང་ས་ཁང་ཚོང་ལས་བྱེད་མཁན་ཞིག་ཡིན་པ་དང༌། རིམ་བཞིན་འབྲི་རུ་རྫོང་ཐོག་ཏུ་ཐོག་རྩེགས་ཅན་གྱི་སྤུས་ལེགས་ཟ་ཁང་དང་རྩེད་ཁང་ཚོང་ལས་གཉེར་བ་མ་ཟད། ཁོང་གིས་རྒྱ་ནག་སོགས་ལ་དབྱར་རྩ་དགུན་འབུ་ཚོང་འབྲེལ་བཙུགས་ཏེ། དེང་སྐབས་ཁམས་ཁུལ་གྱི་འབྱོར་པ་ཅན་གྱི་གྲས་སུ་སླེབས་ཡོད་པ་རེད།