བོད་ནང་གི་ཁོར་ཡུག་འགྱུར་ལྡོག་སྐོར་བགྲོ་གླེང༌།
ཆུ་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་བགྲོ་གླེང་གནང་བའི་སྐབས་བོད་ནང་གི་ཁོར་ཡུག་འགྱུར་ལྡོག་སྐོར་བགྲོ་གླེང་གནང་ཡོད་པ་རེད།
-
2010-06-18 -
-
-
༄༅༎རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་དང་བོད་པའི་ཁོར་ཡུག་སྲུང་སྐྱོབ་ཐོག་གི་མཁས་དབང་དང་ཆེད་ལས་མི་སྣ་མཉམ་འཛོམས་ཀྱིས་ཆུ་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་བགྲོ་གླེང་གནང་བའི་སྐབས་བོད་ནང་གི་ཁོར་ཡུག་འགྱུར་ལྡོག་སྐོར་བགྲོ་གླེང་གནང་ཡོད་པ་རེད།
དེ་ཡང་བགྲོ་གླེང་འདུ་འཛོམས་དེ་རྒྱ་གར་གྱི་ནལྦ་རྡན་ཡ་ཚོགས་པ་དང་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་བོད་ཀྱི་རྩ་དོན་ཐོག་ལ་རྒྱབ་སྐྱོར་གནང་མཁན་ཚོགས་པ་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་ཟླ་བ་འདིའི་ཕྱི་ཚེས་༡༦ཉིན་བགྲོ་གླེང་ཚོགས་འདུ་དེའི་ནང་ཁོར་ཡུག་ཐོག་ལ་མཁས་དབང་རུ་ཁག་ཞིག་གིས་སྣེ་ཁྲིད་དེ་འཐུང་ཆུ་སྐམ་འགྲོ་བའི་ཉེན་ཁའི་གནས་སྟངས་དང་གནམ་གཤིས་འགྱུར་ལྡོག་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད། བགྲོ་གླེང་གནང་མཁན་གྱི་གྲས་སུ་ནལྦ་རྡན་ཡ་ཚོགས་པ་གསར་འཛུགས་གནང་མཁན་མཁས་དབང་ལྦན་རྡ་ན་ཤི་ལྦ་དང་རྒྱ་གར་གཞུང་གི་ཆུའི་ཐོན་ཁུངས་ཀྱི་དྲུང་ཆེ་ཟུར་པ་སྐུ་ཞབས་རམ་སུ་ལྦ་མི་ཨ་ཡར་ རྒྱ་གར་གྱི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཁང་གི་མཁས་དབང་དང་གསར་འགོད་གྲགས་ཅན་སྐུ་ཞབས་སྦི་ཇི་ལྦར་གེ་སེ་ དེ་བཞིན་རྒྱ་གར་གྱི་གསར་འགོད་པ་དང་བོད་ཀྱི་ཆེད་ལས་པ་སྐུ་ཞབས་ལྦི་ཇེ་ཀ་རན་ཏི་ བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་ལས་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་བཅས་ཡིན་པ་རེད། སྐུ་ཞབས་ལྦི་ཇེ་ཀ་རན་ཏི་ཡིས་བགྲོ་གླེང་དེའི་ཐོག་ལ་རྒྱ་གར་གྱི་ཆུའི་གནས་སྟངས་ཧ་ཅང་གི་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་ཆུ་རིམ་བཞིན་སྐམ་འགྲོ་བའི་ཉེན་ཁ། རྒྱ་གར་གྱི་བྱང་ཕྱོགས་བཟང་དཀར་ཁུལ་གྱི་འཁྱགས་རོམ་བཞུར་བའི་ཉེན་ཁའི་རང་བཞིན། བོད་ནང་གུ་མི་འབོར་ཕོན་ཆེ་གནས་སྤོ་བྱེད་པ་དེ་ཡིས་བོད་ནང་གི་སྣོད་བཅུད་ལ་གནོད་འཚེ་བཟོ་བའི་རྐྱེན་བྱེད་ཀྱི་ཡོད་པ་ར་སྤྲོད་གནང་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ཀྱང་བོད་ནང་དུ་ཆུ་མཛོད་འཛུགས་སྐྲུན་བྱེད་པ་དང་བོད་ཀྱི་འཁྱགས་རོམ་བཞུར་བཞིན་པ། རྒྱལ་སྤྱིའི་གནམ་གཤིས་ཚ་དྲོད་འཕེལ་བའི་མཇུག་འབྲས་ཇི་ལྟར་ཡོང་གི་ཡོད་པའི་གཏམ་བཤད་བྱས་ཏེ། བོད་ནང་དུ་གནམ་གཤིས་ཚ་དྲོད་འཕེལ་ཏེ་བོད་ཀྱི་འཁྱགས་རོམ་བཞུར་བཞིན་པ་དེའི་འཇུག་འབྲས་ནི་གུན་གསབ་བྱེད་མི་ཐུབ་པའི་བོད་ཀྱི་སྣོད་བཅུད་ལ་གནོད་འཚེ་བཟོ་རྒྱུ་ཡིན་པ་གླེང་སློང་བྱས་ཡོད་པ་རེད།