བོད་མི་ཀརྨ་བསམ་གྲུབ་ལ་བསྐྱལ་བའི་ཉེན་མིང་དྲང་བདེན་མིན།
ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས་སུ་རྒྱ་ནག་གཞུང་གིས་བསྐྱལ་བའི་ནག་ཉེས་དྲང་བདེན་མིན་པ་ཁྲིམས་རྩོད་པས་བཤད་འདུག
-
2010-06-25 -
-
-
༄༅༎ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས་སུ་རྒྱ་ནག་གཞུང་གིས་གནའ་རྫས་རྐུ་འཁྱེར་བྱས་པའི་ཉེས་འཛུགས་ཀྱིས་བཙོན་འཇུག་ཉེས་ཆད་བཏང་ཡོད་ཀྱང་ཁོང་གི་ཁྲིམས་རྩོད་པས་ཁོང་ལ་བསྐྱལ་བའི་ནག་ཉེས་དྲང་བདེན་མིན་པ་བཤད་ཡོད་པ་རེད།
ལོ་ན་༤༢ཡིན་པའི་ཀརྨ་བསམ་གྲུབ་ལགས་ནི་གནའ་རྫས་ཉོ་ཚོང་བྱེད་མཁན་ཚོང་པ་ཞིག་ཡིན་པ་དང༌། རེས་གཟའ་མིག་དམར་དང་ལྷག་པའི་ཉིན་ཤིང་ཅང་ནང་གི་ཁྲིམས་ཁང་དུ་ཁྲིམས་བཤེར་བྱས་ཏེ། མཐར་ཁོང་ལ་གནའ་རྫས་རྐུ་འཁྱེར་བྱས་པའི་ཉེས་འཛུགས་འོག་མི་ལོ་༡༥ བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད། ཁོང་གི་ཁྲིམས་རྩོད་པ་ཕུའུ་ཀྲི་ཆང་གིས་དེ་རིང་ཁ་པར་བརྒྱུད་ནས་ཕེ་རིན་སི་གསར་འགོད་པར་འགྲེལ་བརྗོད་བྱས་དོན། ཁྲིམས་ཁང་ནས་ཀརྨ་བསམ་གྲུབ་ཀྱིས་མི་གཞན་ལ་བང་སོའི་ནང་གི་གནའ་རྫས་རིགས་བསྔོག་བཅུག་ཏེ་ཚོང་འགྱུར་ཆེད་དུ་ཉར་ཚགས་བྱས་པའི་ནག་ཉེས་ཉེས་བཙུགས་བྱས་ཡོད་ཀྱང༌། བོད་མིས་པུར་སྒམ་ལ་ལག་པ་མི་འཕྱང་པ་མ་ཟད། མི་གྲོངས་པའི་རྗེས་བང་སོའི་ནང་བཅུག་པའམ་ས་འོག་ཏུ་དུར་བཅུག་བྱེད་པའི་ལམ་སྲོལ་མེད་པར་ཚང་མ་བྱ་གཏོར་བྱེད་པའམ་ཆུ་ལ་སྐྱུར་བ་ཡིན་པས་པུར་སྒམ་བསྔོག་ཏེ་གནའ་རྫས་རྐུ་འཁྱེར་བྱས་ཟེར་བ་ནི་དེ་བས་ཁོང་ཚོར་མི་འོས་པ་ཞིག་རེད་ཅེས་དང༌། ཤིང་ཅང་གི་ཉེན་རྟོག་པས་ཀརྨ་བསམ་གྲུབ་ལ་ཉེས་གསོག་གི་དཔང་རྟགས་ནོར་འཁྲུལ་བེད་སྤྱད་དེ་ནག་ཉེས་བཙུགས་པ་དང༌། ཉེས་རྡུང་གཏོང་བ། སྐད་བསྒྱུར་གླ་མི་བཅུག་པའི་གནས་ཚུལ་རྣམས་འགྲེལ་བརྗོད་བྱས་ཏེ། ཀརྨ་བསམ་གྲུབ་ནི་ཉེས་མེད་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད། རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་གིས། ཀརྨ་བསམ་གྲུབ་ལགས་སུ་རྒྱ་ནག་གཞུང་གིས་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་པ་དེར་མཐའ་ཅིག་ཏུ་ངོ་རྒོལ་བྱས་ཏེ། པེ་ཅིང་གཞུང་གིས་བཙོན་པ་རྣམས་གློད་འགྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱས་ཡོད་ཅིང༌། དེ་ཡང་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཞལ་པར་ཐོག་ཕེ་རན་སི་གསར་འགོད་པར། ཀརྨ་བསམ་གྲུབ་ལགས་ནི་མི་བཟོད་པའི་དཀའ་སྡུག་མྱོང་བཞིན་པ་དང༌། ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་པ། དམིགས་བསལ་ང་ཚོའི་ངོས་ནས་རྒྱ་ནག་གཞུང་གི་དཔོན་རིགས་ལ་ཛ་དྲག་གི་འབོད་སྐུལ་བྱེད་རྒྱུ་ནི། ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་ཡོང་བ་དང༌། གལ་ཏེ་བོད་མི་ཆབ་སྲིད་བཙོན་པ་ཁྲིམས་བཤེར་བྱེད་པ་ཚོར་ངེས་པར་དུ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད།