ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་ནང་གི་གནས་སྟངས་ལ་ཐུགས་ཚབས་ཡོད་པ་བསྟན་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་བོད་ནང་གི་གནས་སྟངས་ལ་ཐུགས་ཚབས་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
- 2024-02-20
-
-
-
Your browser doesn’t support HTML5 audio
དེ་ཡང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་༣༧ལས་གྲུབ་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་ལྟར་བཙུགས་པའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ངམ་དད་གུས་ཅན་ཚོའི་མཐུན་ཕྱོགས་(International Religious Freedom or Belief Alliance)་ཞེས་པའི་ཚོགས་གཙོ་མཆོག་གིས་ཕྱི་ཟླ་༢བའི་ཚེས་༩ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོ་༡༩༩༥་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས་པའི་རྗེས་སུ། རྒྱ་ནག་གཞུང་གིས་དགུང་ལོ་༦་ཕེབས་པའི་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་པ་དང་། ཁོང་གི་ཚབ་ལ་ཁྱིའུ་གཞན་ཞིག་བསྐོ་བཞག་བྱས་ནས་ཁོང་ལ་རྒྱ་ནག་དམར་ཤོག་ཚོགས་པར་ཤ་ཞེན་བྱེད་དགོས་པ་བཟོས་ཡོད། དེས་ན་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རིང་རང་ཉིད་ཀྱི་་ཆོས་ལུགས་རང་དབང་སྒོ་ནས་ཉམས་སུ་ལེན་གནང་རྒྱུའི་གོ་སྐབས་བཙན་འཕྲོག་ཞུས་པར་ཐུགས་ཚབས་ཆེན་པོ་ཡོད་ལ། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་གནས་ཚུལ་ཁ་གསལ་མེད་པ་མ་ཟད། ཁོང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཀྱང་མེད་པར་ཐུགས་ཚབས་ཆེན་པོ་ཡོད། དེ་དག་ལ་གཞིགས་ན། ཁོང་ལ་འགྲུལ་བཞུད་ཀྱི་རང་དབང་དང་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ལྷག་རིང་གནས་ཚུལ་གསན་གཟིགས་གནང་རྒྱུའི་གོ་སྐབས་མེད་པ་དེ་ནི་ཐུགས་ཚབས་ཧ་ཅང་ཆེན་པོ་བྱེད་གཞི་ཞིག་ཡིན། ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། རྒྱ་ནག་དམར་པོའི་གཞུང་གི་དཔོན་རིགས་ཚོས་ཆོས་ཕྱོགས་དང་རིག་གཞུང་། སྐད་ཡིག གོམས་སྲོལ་སོགས་ཀྱི་ཐོག་ནས་དྲག་གནོན་བཙོན་འཇུག་བྱས་པ་མི་སྣ་མང་པོ་ཡོད་པའི་ཁོངས་ནས་གཅིག་ཡིན་པ་དང་། དེའི་ཁོངས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་ཞུས་པ་ཙམ་གྱིས་འཛིན་བཟུང་བཀག་ཉར་བྱས་བ་དང་། གཞན་ད་ལྟ་བཙོན་འོག་ཏུ་ཡོད་པའི་དགེ་འདུན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་མཚན་བཏོན་ནས་ཁོང་ནི་རྩོམ་པ་པོ་དང་སློབ་སྟོན་པ། བོད་མི་མཁས་དབང་ཞིག་ཡིན་པས། ད་ལྟ་མི་ལོ་༡༠་ཡི་བཙོན་འཇུག་ཁྲིམས་ཆད་མྱོང་བཞིན་ཡོད་པ་བཀོད་འདུག་ལ། ད་ཆ་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་དང་བཅས་པ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་འཛིན་བཞིན་པ་ཁག་ལ་ཐུགས་ཚབས་ཆེན་པོ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།