བོད་མི་ཞིག་གི་དྲ་རྒྱའི་ཁ་སྦྱང་ནང་རྒྱ་མིས་ལྐོག་འཛུལ་བྱས་པ།

ཨ་རིའི་མཐོ་སློབ་ཁང་གི་སློབ་ཕྲུག་བསྟན་འཛིན་བསལ་སྒྲོན་ལགས་ཀྱི་དྲ་རྒྱའི་ཐོག་གི་ཡིག་འགྲུལ་ཁ་སྦྱང་ནང་རྒྱ་ནག་ནས་ལྐོག་འཛུལ་བྱས་པ།

༄༅༎ཨ་རིའི་ཀེ་ལི་ཕོར་ནི་ཡའི་ཁུལ་དུ་ཡོད་པའི་Stanfordམཐོ་སློབ་ཁང་གི་སློབ་ཕྲུག་བསྟན་འཛིན་བསལ་སྒྲོན་ལགས་ཀྱི་དྲ་རྒྱའི་ཐོག་གི་ཡིག་འགྲུལ་ཁ་བྱང་ནང་རྒྱ་ནག་ནས་གཞན་གྱིས་ལྐོག་འཛུལ་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་བསྟན་འཛིན་བསལ་སྒྲོན་ལགས་ནི་བོད་རང་དབང་སློབ་ཕྲུག་ཚོགས་པའི་འབྲེལ་འཐུད་འགན་འཛིན་གྲས་ཤིག་ཡིན་པ་རེད་ལ་ ཉེ་བའི་ཆར་རྒྱ་ནག་གཞུང་གིས་བཙོན་འཇུག་ལོ་དྲུག་གི་ཁྲིམས་ཐག་བཅད་པའི་བོད་མི་གློག་བརྙན་བཟོ་སྐྲུན་བ་དོན་གྲུབ་དབང་ཆེན་ལགས་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་མཁན་གཙོ་བོའི་གྲས་ཤིག་ཀྱང་ཡིན་ཞིང་  ཁོང་གིས་གསུངས་ན་ཁོང་སྒེར་གྱི་ཨིན་དྲའི་དྲ་རྒྱའི་ཐོག་གི་GMailཞེས་པའི་ཡིག་འགྲུལ་ཁ་སྦྱང་ཁ་ཕྱེ་བའི་དུས་སུ་རྒྱ་ནག་ནས་མི་ཞིག་གིས་ཀྱང་ཁོང་གི་ཁ་སྦྱང་དུ་དུས་གཅིག་ཏུ་འཛུལ་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་བ་གསུངས་བཞག ཕྱི་ཚེས་༡༣ཉིན་རྒྱ་ནག་ནས་དྲ་རྒྱའི་ཚོང་གཉེར་ཕྱིར་ཐེན་བྱེད་སྲིད་པའི་གསལ་བསྒྲགས་སྤེལ་མཁན་གྱི་དྲ་རྒྱའི་ཚོང་ལས་ཁང་ཆེ་ཤོས་Googleགྱི་འགན་འཛིན་གྱིས་ནིའུ་ཡོག་དུས་བབ་ཐོག་བསྟན་འཛིན་བསལ་སྒྲོལ་ལགས་ཡང་Googleདྲ་རྒྱའི་ཡིག་འགྲུལ་ཁ་སྦྱང་ལྐོག་འཛུལ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཚོའི་ནང་གི་གྲས་ཤིག་ཡིན་པ་ར་འཕྲོད་གནང་ཡོད་པ་རེད་ བསྟན་འཛིན་བསལ་སྒྲོན་ལགས་དང་ཁོང་དང་ཕྱག་རོགས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་ལོ་ངོ་བཞིའི་སྔོན་Googleདྲ་རྒྱའི་ཚོང་ལས་ཁང་གིས་རྒྱ་ནག་ནང་དྲ་རྒྱའི་ཚོང་གཉེར་བྱ་རྒྱུའི་ཐག་གཅོད་བྱས་པའི་སྐབས་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ་དང་ཁོང་ཚོས་གསུངས་ན་  དྲ་རྒྱའི་ཐོག་གི་གནས་ཚུལ་ཡོངས་རྫོགས་རང་དབང་ཐོག་ནས་ཤེས་རྟོགས་ཐུབ་རྒྱུ་དེ་འགྲོ་བ་མི་སྤྱིའི་ཐོབ་ཐང་ཡིན་པ་དང་རྒྱ་ནག་ནང་དྲ་རྒྱའི་ཚོང་གཉེར་བྱེད་མཁན་ཚོར་རྒྱ་ནག་གཞུང་གིས་བཀག་སྡོམ་དང་སྟངས་འཛིན་འོག་དྲ་རྒྱའི་གནས་ཚུལ་ཡོངས་རྫོགས་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་ཆེན་པོ་ཡོད་པར་བརྟེན་ཚོང་ལས་ཁང་དེས་རྒྱ་ནག་ནང་དྲ་རྒྱའི་ཚོང་གཉེར་སྤེལ་རྒྱུ་དེ་ནི་ནོར་འཁྲུལ་ཞིག་ཡིན་པའི་འདོད་ཚུལ་བཏོན་ནས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org