བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་རྒྱལ་ཚོགས་སུ་ཟུར་ཚོགས་གནང་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ཟུར་ཚོགས་ཞིག་སྐོང་འཚོགས་གནང་འདུག
- 2023-03-14
-
-
-
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༥༢པ་དེ་ཉེ་སྔོན་སྤྱི་ཟླ་༢ཚེས་༢༧ཉིན་ནས་འགོ་འཛུགས་ཀྱིས་སྤྱི་ཟླ་༤ཚེས་༣བར་སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་འཚོགས་བཞིན་ཡོད་པ་དང་བསྟུན་ནས། ཁུལ་དེར་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(Society for Threatened Peoples)་ཏེ་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ཞེས་པའི་གོ་སྒྲིག་འོག སྤྱི་ཟླ་༣ཚེས་༡༣ཉིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཇར་མ་ནཱིའི་ཡན་ལག དེ་བཞིན་འཛམ་གླིང་ཡུ་གུར་གྲོས་ཚོགས་བཅས་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སུ་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་ཐོག་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་གསལ་སྟོན་དང་འབྲེལ་ནས། རྒྱ་ནག་གཞུང་ལ་དེའི་ཐད་འགན་ཁུར་དུ་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཟུར་ཚོགས་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཇར་མུ་ནིའི་ཡན་ལག་ཁང་གི་འགན་འཛིན་(Kai Mueller)་རྣམ་གཉིས་ཀྱིས་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་རང་གི་ཕ་མ་དང་ཁ་བྲལ་ནས་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་ནས་མི་རིགས་རྒྱ་བསྐྱུར་གྱི་སློབ་གསོ་སྤེལ་བཞིན་པ་དང་། དེ་བཞིན་བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམས་བཙན་གྱིས་གནས་སྤོས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་ཟེར་བ་སོགས་བོད་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་སྤེལ་བཞིན་པ་ཁག་ངོ་སྤྲོད་དང་འབྲེལ། གནད་དོན་འདི་དག་གི་ཐད་རྒྱལ་ཚོགས་ནས་ཀྱང་བློ་ཚབས་ཡོད་པ་གསལ་སྟོན་གནང་ཡོད་པ་མ་ཟད། ཉེ་ལམ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་གི་ཐད་བསྐྱར་ཞིབ་འཚོགས་རྗེས་དེ་འབྲེལ་ལམ་སྟོན་ཕེབས་པ་དེ་དག་རྒྱ་ནག་གཞུང་གིས་ངེས་པར་དུ་ལག་བསྟར་བྱེད་དགོས་པ་དང་། རྒྱལ་ཚོགས་ཀྱི་ཆེད་ལས་པ་རྣམས་ནས་ཀྱང་རྒྱ་ནག་གཞུང་གིས་དེ་ལྟར་ལག་བསྟར་བྱེད་ཀྱི་ཡོད་མེད་ཐད་ཞིབ་འཇུག་གནང་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་པ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
དེ་བཞིན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ལེགས་སུ་གཏོང་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་བོད་ནང་ཕེབས་སུ་འཇུག་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བཀག་འགོག་གང་ཡང་མེད་པར་རང་དབང་ཆ་ཚང་ལྡན་པའི་ཐོག་ནས་བོད་ནང་གི་གནས་སྟངས་ཞིབ་འཇུག་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་འདུག
ཟུར་ཚོགས་དེའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་མང་པོའི་སྐུ་ཚབ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ་སོགས་མང་པོ་ཕེབས་ནས་དོ་སྣང་ཆེན་པོ་གནང་ཡོད་པ་དོན་གཅོད་འཕྲིན་ལས་ཆོས་སྐྱིས་ལགས་ཀྱིས་མུ་མཐུད་དུ་གསུང་བྱུང་།
གཞན་གོང་ཞུས་ཟུར་ཚོགས་དེའི་ཐོག་དེ་སྔ་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་མང་པོ་བཅུག་ཡོད་པའི་སློབ་གསོ་རྭ་བ་ཞེས་པའི་ནང་སྡུག་སྦྱོང་མྱངས་མྱོང་མཁན་(Gulbahar Hatiwaji)་དང་། འཛམ་གླིང་ཡུ་གུར་གྲོས་ཚོགས་ཀྱི་མགྲིན་ཚབ་པ་(Zumretay Arkin)་གཉིས་ཀྱིས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་ནས་དེ་དག་མཚམས་འཇོག་བྱེད་པའི་འབོད་སྐུལ་གཏམ་བཤད་གནང་ཡོད་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།