བོད་མིའི་སྒྲིག་འཛུགས་ཀྱིས་ཐེ་ཝན་དང་ནུས་པ་མཉམ་སྤུངས་བྱེད་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།

རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་མིན་ལ་མ་བལྟོས་པར་བོད་མིའི་སྒྲིག་འཛུགས་དང་ཐེ་ཝན་གཞུང་གཉིས་བར་འབྲེལ་ལམ་ཐག་ཉེ་རུ་གཏོང་བཞིན་འདུག

སྲིད་སྐྱོང་མཆོག་གིས་ཐེ་ཝན་གཞུང་གི་ལྡི་ལི་དོན་གཅོད་མཇལ་འཕྲད་སྐབས། ༡༠།༤།༢༡ tibet.net

རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་མིན་ལ་མ་བལྟོས་པར་བོད་མིའི་སྒྲིག་འཛུགས་དང་ཐེ་ཝན་གཞུང་གཉིས་བར་འབྲེལ་ལམ་ཐག་ཉེ་རུ་གཏོང་བཞིན་འདུག
བོད་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཐེ་ཝན་ནི་རྒྱ་རིགས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་མ་ཟད། རྒྱ་སྐད་རྒྱ་ཡིག་ཐོག་རང་དབང་གི་སྒོ་ནས་བོད་དོན་དྲིལ་བསྒྲགས་བྱེད་ཐུབ་སའི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་ཞིང་། སྤྱི་ཟླ་༡༠་པའི་ཚེས་༤་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས་ལྡི་ལིར་བཅའ་སྡོད་ཐེ་ཝན་སྐུ་ཚབ་དོན་གཅོད་སྐུ་ཞབས་(Baushuan Ger)་ལགས་དང་མཇལ་འཕྲད་དང་། ཕྱོགས་གཉིས་ཀས་དོ་ཁུར་ཆེ་བའི་བརྗོད་གཞི་ཁག་ཅིག་གི་ཐོག ཆུ་ཚོད་གཅིག་ཙམ་གྱི་རིང་བཀའ་མོལ་ལྷུག་པོར་གནང་ཡོད་པ་རེད།
དེའི་ཐད་ཐེ་ཝན་སྐུ་ཚབ་དོན་གཅོད་ཟུར་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་ལ་འགྱུར་པ་ཕྱིན་པའི་དབང་གིས་ཐེ་ཝན་གྱིས་རྒྱ་ནག་གི་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་གསལ་པོ་རེད་ལ། ཐེ་ཝན་མང་ཚོགས་ཁྲོད་རྒྱ་ནག་གཞུང་ལ་བསྟུན་མཁས་ཁོ་ན་བྱས་ནས་བསྡད་ན་འགྲིག་གི་མེད་པ་དགོངས་མཁན་མང་རུ་འགྲོ་བཞིན་ཡོད་པའི་ཁར། ད་ཆ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་མིན་ལ་མ་བལྟོས་པར་བོད་མིའི་སྒྲིག་འཛུགས་དང་ཐེ་ཝན་གཞུང་གཉིས་བར་གྱི་འབྲེལ་ལམ་དེ་ཐག་ཉེ་རུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་ཁ་སྔོན་སྤྱི་ཟླ་༥་པའི་ནང་ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་ལ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་དང་སྦྲགས། འབྱུང་འགྱུར་མཉམ་ལས་བྱ་འདོད་ཀྱི་འདུན་པ་བརྟན་པོ་ཡོད་པ་གསུངས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཐེ་ཝན་དང་བོད་མིའི་སྒྲིག་འཛུགས་གཉིས་བར་དེ་སྔ་ནས་གཞུང་འབྲེལ་གྱི་འབྲེལ་བ་བྱུང་བ་བཞིན། འབྱུང་འགྱུར་ཐེ་ཝན་མཉམ་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ནུས་པ་མཉམ་སྤུངས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་ཐེ་ཝན་དང་ཨེ་ཤེ་ཡའི་ཉམས་ཞིབ་ལྟེ་གནས་ཁང་(TAEF)་གི་ཉམས་ཞིབ་པ་(Sana Hashmi)་ལགས་ཀྱིས། ཐེ་ཝན་དང་བོད་མིའི་སྒྲིག་འཛུགས་གཉིས་བར་གདུང་སེམས་མཉམ་བསྐྱེད་ཞུ་ཕྱོགས་ལ་བལྟས་པ་ཡིན་ན། ཉེ་བའི་ཆར་ཐེ་ཝན་ནང་བོད་དོན་དྲིལ་བསྒྲགས་དང་ལས་འགུལ་རིགས་སྤེལ་མཁན་མང་དུ་ཕྱིན་ཡོད་པ་དང་། རྒྱུན་དུ་རྒྱ་ནག་གཞུང་གིས་ཐེ་ཝན་དང་བོད་མི་གཉིས་ཀར་དྲག་གནོན་བྱེད་མུས་ཡིན་པས། ད་རེས་ཐེ་ཝན་གྱི་གཞུང་ཚབ་དང་། སྲིད་སྐྱོང་གཉིས་བར་མཇལ་འཕྲད་གནང་བ་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་༡༩༩༧་ ལོར་ཐེ་ཝན་གྱི་སྲིད་འཛིན་ལི་ཏིན་ཧེས་མགྲོན་འབོད་ལྟར་ཐེ་ཝན་དུ་ཆིབས་བསྒྱུར་གནང་བ་ནས་བཟུང་རིམ་པས་བཙན་བྱོལ་བོད་གཞུང་དང་ཐེ་ཝན་གཉིས་བར་ཐོག་མའི་འབྲེལ་བ་བྱུང་ཡོད་པ་དང་། དུས་དེ་ནས་བཟུང་ཐེ་ཝན་དང་བོད་མི་མང་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དེ་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་ལ་དྲག་གནོན་དང་འཇིགས་སྐུལ་རིགས་མུ་མཐུད་བྱེད་མུས་ཡིན་པའི་ཁར། འདི་ཚེས་༣་བར་རྒྱ་ནག་གཞུང་གིས་ཐེ་ཝན་ཕྱོགས་ཀྱི་མཁའ་དབྱིངས་སུ་མཁའ་དམག་གནམ་གྲུ་༥༠་ལྷག་ཆེད་གཏོང་བྱས་འདུག་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་ཐེ་ཝན་ཚུད་པའི་བོད་དང་། ཡུ་གུར། ཧོང་ཀོང་སོགས་ལ་ཇི་ཙམ་གྱི་དྲག་གནོན་བྱེད་པ་དེ་ནི་ལམ་ལྷོང་ཡོང་རྒྱུ་ཁག་པོ་ཆགས་ཡོད་པ་མ་ཟད། དེའི་རྒྱ་ནག་གི་ཕུགས་ལ་དོ་ཕོག་ཡོང་ངེས་ཡིན་པ་འགྲེལ་བརྗོད་གནང་སོང་།
གཞི་རྩའི་ཆ་ནས་ཐེ་ཝན་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང་། བོད་དོན་སློབ་ཕྲུག་ཚོགས་པ། བོད་རྒྱ་ཚོགས་པ་བཅས་ཆེ་ཁག་གསུམ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཇི་ཙམ་གྱི་ཐེ་ཝན་དང་ལྷན་དུ་འབྲེལ་བ་ཉེ་རུ་གཏོང་ཐུབ་པ་ཡིན་ན་དེ་བརྒྱུད་ནས་རྒྱལ་ཁབ་གཞན་མང་པོ་ཞིག་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་འབྲེལ་བ་བྱ་ཐུབ་རྒྱུ་ཡིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ངོས་འཛིན་གནང་གི་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org