ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་གླེང་སྟེགས་ཆེན་མོ་དང་སྐབས་དང་པོའི་ཆོས་ཚོགས་ཁག་གི་ལས་དོན་ཚོགས་འདུ་འཚོགས་འདུག

ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་སྐོར་གྱི་གླེང་སྟེགས་ཆེན་མོ་དང་སྐབས་དང་པོའི་ཆོས་ཚོགས་ཁག་གི་ལས་དོན་ཚོགས་འདུ་འཚོགས་འདུག

ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་གླེང་སྟེགས་ཆེན་མོ་དང་སྐབས་དང་པོའི་ཆོས་ཚོགས་ཁག་གི་ལས་དོན་ཚོགས་འདུའི་སྐབས། ༠༡།༡༩།༢༠༢༤ Facebook/Thinley Gyatso

དེ་ཡང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཐེ་ཝན་ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་སྡེ་ཚན། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་བཅས་མཉམ་རུབ་ཐོག ཕྱི་ཟླ་དང་པོའི་ཚེས་༡༨དང་༡༩ཉིན་གཉིས་རིང་ཐེ་ཝན་གྱི་མངའ་སྡེ་ཤིན་ཀྲུར་ཡོད་པའི་ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ། ཐེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་སྐོར་གྱི་གླེང་སྟེགས་ཆེན་མོ་དང་། སྐབས་དང་པོའི་ཆོས་ཚོགས་ཁག་གི་ལས་དོན་ཚོགས་འདུ་འཚོགས་ཡོད་པ་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག


ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ནས་ཚོགས་འདུ་བསྐོངས་ཚོགས་དགོས་པའི་དགོས་པ་དམིགས་ཡུལ་སྐོར་གསུང་བཤད་གནང་བ་དང་། ཐེ་ཝན་ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་སྦྱིན་བདག་ཆེན་མོ་ལྕམ་སྐུ་(Xingguan)་ལགས་དང་། སློབ་སྤྱི་སྐུ་ཞབས་(Dr. Chien) ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་སྡེ་ཚན་གྱི་ཚོགས་གཙོ་བཙུན་མ་(Shih Chao-hwei) ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་ལགས། བསླབ་གསུམ་ཆོས་ཚོགས་ཀྱི་ཚོགས་གཙོ་དང་པོ་ཁྲེན་མིང་རུ། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་པོ་ཀྲོང་ཏྲི་བཅས་ཀྱིས་ཚོགས་འདུའི་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་འདུག
ཚོགས་འདུའི་སྐབས་སློབ་དཔོན་ཆེན་པོ་ལྕམ་ཕང་མེ་ལིང་ལགས་བཅས་ནས་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་སྐོར་གྱི་དཔྱད་རྩོམ་སྒྲོག་སྦྱངས་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་གདན་འདྲེན་ཞུ་རྒྱུར་ཐེ་ཝན་མང་ཚོགས་ཀྱི་ལངས་ཕྱོགས་ཞེས་པའི་སྐོར་ལ་གསུང་བཤད་དང་དྲི་བར་དྲིས་ལན་གནང་འདུག
གཞན་རྙིང་མའི་སྐུ་ཚབ་མཁན་པོ་ཀཿཐོག་ཪིག་འཛིན་ཆེན་པོ་ལགས་དང་། བཀའ་བརྒྱུད་པའི་སྐུ་ཚབ་མཁན་པོ་འཕྲིན་ལས་རྣམ་རྒྱལ་ལགས། ས་སྐྱ་པའི་སྐུ་ཚབ་མཁན་པོ་ངག་དབང་མཁས་ སྒྲུབ་ལགས། དགེ་ལུགས་པའི་སྐུ་ཚབ་ལྷ་རམས་དགེ་བཤེས་བློ་བཟང་དབང་ཕྱུག་ལགས་བཅས་ཀྱིས་སོ་སོའི་ཆོས་བརྒྱུད་ངོ་སྤྲོད་དང་འབྲེལ་ཐེ་ཝན་དུ་བྱུང་རིམ་དང་ད་ལྟའི་གནས་བབ། མ་འོངས་འཕེལ་ཕྱོགས་སྐོར་ལ་བགྲོ་གླེང་གསུང་བཤད་གནང་ཡོད་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org