རྒྱ་ནག་གཞུང་གིས་ཉི་ཧོང་དུ་བོད་ཀྱི་རིག་གནས་འགྲེམས་སྟོན།

རྒྱ་ནག་གཞུང་གིས་ཉི་ཧོང་གི་འགྲེམས་སྟོན་ཁང་དུ་བོད་ཀྱི་རིག་གནས་དངོས་ཤུལ་འགྲེམས་སྟོན་བྱེད་བཞིན་པར་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ།

༄༅༎ཉི་ཧོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་རྒྱ་ནག་གཞུང་གིས་ཉི་ཧོང་གི་འགྲེམས་སྟོན་ཁང་དུ་བོད་ཀྱི་རིག་གནས་དངོས་ཤུལ་འགྲེམས་སྟོན་བྱེད་བཞིན་པར་ངོ་རྒོལ་གྱི་འབོད་སྐུལ་ཡི་གེ་ཕུལ་ཡོད་པ་རེད་།

དེ་ཡང་ཕྱི་ཚེས་ཉི་ཤུ་བརྒྱད་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་པར་ཉི་ཧོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གསུམ་གྱིས་ཚོགས་མི་དྲུག་བརྒྱ་ལྷག་ཙམ་གྱི་ས་རྟགས་བཀོད་པའི་འབོད་སྐུལ་ཡི་གེ་ཞིག་ཕྱི་ཚེས་ཉི་ཤུ་བཞི་ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་དངོས་ཤུལ་འགྲེམས་སྟོན་བྱེད་སའི་ཉི་ཧོང་གི་རྒྱལ་ས་ཀྲོག་ཁྱོར་གྱི་ཨུ་ཨེ་ནོ་མོ་རི་འགྲེམས་སྟོན་ཁང་གི་འབྲེལ་ཡོད་དཔོན་རིགས་ལ་ཕུལ་ཡོད་ཅིང་ཉི་ཧོང་གི་འགྲེམས་སྟོན་ཁང་དེའི་འགན་འཛིན་དང་ཁོང་གི་ཕྱག་རོགས་ཀྱིས་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་མི་ཚོ་དང་ཐུག་འཕྲད་གནང་ཏེ་འབོད་སྐུལ་ཡི་གེ་དེ་བཞེས་ཡོད་པ་རེད་ གོང་ཞུས་འབོད་སྐུལ་ཡི་གེ་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་དངོས་ཤུལ་ཉི་ཧོང་གི་འགྲེམས་སྟོན་ཁང་ནང་བསྟོན་ནས་རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་སྤེལ་གྱི་ཡོད་པའི་བྱ་སྤྱོད་དེ་རིགས་  ཉི་ཧོང་གི་འགྲེམས་སྟོན་ཁང་གིས་མཚམས་འཇོག་གནང་རྒྱུའི་ནང་དོན་འཁོད་ཡོད་པ་རེད་ བོད་ཀྱི་རིག་གནས་དངོས་ཤུལ་འགྲེམས་སྟོན་དེ་བཞིན་རྒྱ་ནག་གཞུང་དང་ཉི་ཧོང་གི་འགྲེམས་སྟོན་ཁང་ གསར་འགྱུར་བརྒྱུད་ལམ་ ཚོང་ལས་ཁང་བཅས་དབར་མཉམ་འབྲེལ་ཐོག་ནས་སྤེལ་བའི་ལས་དོན་ཞིག་ཡིན་པ་དང་ཉི་ཧོང་གི་རྒྱལ་ས་ཀྲོག་ཁྱོར་དུ་ཕྱི་ཟླ་དགུ་པའི་ནང་ནས་འགོ་ཚུགས་ཡོད་ཅིང་དེའི་རིང་ཉི་ཧོང་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་དངོས་ཤུལ་བེད་སྤྱད་ཏེ་རང་ཕྱོགས་ཀྱིས་བོད་ཀྱི་ལོ་རྒྱུས་དྲིལ་བསྒྲགས་བྱེད་གྱི་ཡོད་པར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད་ བོད་དོན་རྒྱབ་སྐྱོར་ཚོགས་མི་ཚོས་ཉི་ཧོང་གི་ཨུ་ཨེ་ནོ་མོ་རི་འགྲེམས་སྟོན་ཁང་གི་འགན་འཛིན་སྐུ་ཞབས་མི་ཛུ་ནོ་སེ་ཨི་ཆི་དང་ཐུག་འཕྲད་གནང་བའི་སྐབས་སྐུ་ཞབས་སེ་ཨི་ཆི་ཡིས་ཁོང་རྣམ་པས་བོད་དང་ཡུ་གུར་མི་རིགས་ཚོར་བྱུང་བའི་གེགས་བའི་གནས་ཚུལ་གསལ་པོ་ཤེས་རྟོགས་ཡོད་པ་དང་གནད་དོན་དེའི་ཐོག་ཁོང་རྣམ་པས་ངེས་པར་དུ་དོ་ནན་བྱ་རྒྱུ་ཡིན་ལ་ཁོང་ཚོར་རྒྱ་ནག་གིས་བོད་ཀྱི་རིག་གནས་དངོས་ཤུལ་འགྲེམས་སྟོན་བྱས་པའི་ཐོག་སྐྱོན་བརྗོད་དང་ངོ་རྒོལ་གྱི་ཡི་གེ་ཧ་ཅང་མང་པོ་འབྱོར་ཡོད་ལུགས་དང་ཁོང་རྣམ་པས་རྒྱ་ནག་གཞུང་དང་མཉམ་དུ་འགྲེམས་སྟོན་དེ་རིགས་སྤེལ་དགོས་ཡས་དེ་བཞིན་སྒྱུ་རྩལ་གྱི་རྣམ་པ་མཚོན་པའི་ཐོག་ནས་བོད་ཀྱི་རིག་གནས་དངོས་ཤུལ་དེ་དག་འགྲེམས་སྟོན་བྱས་པ་ཞིག་ཡིན་ལུགས་འགྲེལ་བཤད་བསྐྱོན་འདུག 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org