བོད་རང་སྐྱོང་ལྗོངས་ཁུལ་བྱེ་ས་ཅན་དུ་འགྱུར་བའི་ཉེན་ཁ།

བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་དེ་རྒྱ་ནག་གི་ས་ཁོངས་ནས་ཞིང་ས་སོགས་བྱེ་ཐང་དུ་འགྱུར་བའི་ཉེན་ཁ་ཡོད་མཁན་གྱི་ས་ཁོངས་ཤིགརེད།

༄༅༎བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་དེ་རྒྱ་ནག་གི་ས་ཁོངས་ནས་ཞིང་ས་སོགས་བྱེ་ཐང་དུ་འགྱུར་བའི་ཉེན་ཁ་ཡོད་མཁན་གྱི་ས་ཁོངས་ཆེ་ཤོས་གསུམ་པ་དེ་ཆགས་ཡོད་སྐོར་རྒྱ་གཞུང་གི་ཉིན་རེའི་གསར་ཤོག་ཅེས་པའི་ནང་གནས་ཚུལ་བཏོན་ཡོད་པ་རེད་ རྒྱ་གཞུང་གི་གསར་ཤོག་དེའི་ནང་གནས་ཚུལ་བཀོད་དོན་ལ་གཞིགས་ན་བོད་ནང་དེ་ལྟར་གྱི་ཉེན་ཁའི་འབྱུང་ཁོངས་ནི་རྣམ་ཀུན་གྱི་གངས་འབབ་རྒྱུའི་ཚད་དེ་ཉུང་དུ་ཕྱིན་པ་དང་ཐན་པ་བསྟེན་པའི་རྐྱེན་ཡིན་སྐོར་དང་དཀའ་རྙོག་དེས་འཁོར་ཡུག་སྲུང་སྐྱོབ་དང་བྱེ་མའི་ཐལ་རླུང་འགོག་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་དབྱིན་ཡིག་དུས་དེབ་བོད་གནས་བསྐྱར་ཞིབ་ཀྱིས་ལུང་འདྲེན་གནང་ཡོད་པ་རེད་ རྒྱ་གཞུང་གི་་ཤིང་སྣ་འདེབས་འཛུགས་ལས་དོན་གྱི་འགན་འཛིན་གཞོན་པ་ཀྲང་ཡོང་ལི་ཡིས་བརྗོད་ན་རྒྱ་ནག་གི་ས་ཁོངས་ནས་ཞིང་ས་སོགས་བྱེ་ཐང་དུ་འགྱུར་བའི་ཉེན་ཁ་ཡོད་མཁན་གྱི་ས་ཁོངས་དེ་བརྒྱ་ཆ་ ༢༧ ཆགས་ཀྱི་ཡོད་པ་དང་དེས་ཡུལ་གྱི་མི་སེར་གྲངས་ས་ཡ་ ༤༠༠ སྐོར་ཞིག་གི་འཚོ་བའི་ཐོག་གནོད་སྐྱོན་ཐེབས་ཀྱི་ཡོད་སྐོར་གཏམ་བཤད་བྱས་ཡོད་པ་རེད་ ཡང་གནས་ཚུལ་ནང་བཀོད་དོན་ལ་གཞིགས་ན་བོད་ཀྱི་མངའ་རིས་ས་ཁུལ་དུ་རྒྱ་གཞུང་གིས་བྱེ་ཐང་སྟེང་ཤིང་སྣ་དང་རྩྭ་ཐང་འདེབས་འཛུགས་ཀྱི་ལས་དོན་ཐོག་ལམ་ལྷོང་བྱུང་ཡོད་སྐོར་དང་ས་ཁུལ་གྱི་སྒར་རྗོང་ཁོངས་ཀྱི་སོ་ནམ་དང་སྒོ་ཕྱུག་སེམས་ཅན་གསོ་སྐྱོང་ལས་དོན་གྱི་ཧན་ཅུན་ལྦེན་ཞེས་པ་ཞིག་གིས་ཁོ་པ་དང་ཁོ་པའི་རོགས་པ་རྣམས་ཀྱིས་ལོ་ངོ་ ༦ རིང་ཞིབ་འཇུག་བྱས་པའི་རྗེས་འབྲས་སུ་རྫོང་་ཁོངས་ཀྱི་ས་ཧེཀ་ཀྲར་ ༢༦༧ སྟེང་ལུ་སན་ཞེས་པའི་རྩྭ་དེ་འདེབས་ལས་བྱེད་ཐུབ་པ་བྱུང་སྐོར་གླེང་ཡོད་པ་རེད་ གོང་ཞུས་ཧན་ཞེས་པའི་མི་དེས་ང་ཚོས་རྫུ་འཕྲུལ་སྟོན་ཡོད་མི་སུ་ཞིག་གིས་རྒྱ་མཚོ་ནས་མི་ཀྲར་ ༤༠༠༠ ལྷག་གི་སའི་སྟེང་ཤིང་སྣ་དང་རྩྭ་འདེབས་འཛུགས་བྱེད་ཐུབ་པ་བྱུང་ཡོད་པ་མ་རེད་ཅེས་བརྗོད་ཡོད་པ་རེད་ གོང་ཞུས་བོད་ཀྱི་མངའ་རིས་ཁུལ་གྱི་སྒར་རྫོང་ཁོངས་ནང་ཞིང་ས་སོགས་བྱེ་ཐང་དུ་འགྱུར་བའི་ཉེན་ཁ་དེས་ས་ཁུལ་གྱི་མི་མང་གི་འཚོ་བའི་ཐོག་ཉེན་ཁ་ཆགས་ཡོད་ནའང་མི་མང་དེ་དག་ལོ་ངོ་བཅུ་ཕྲག་འགའ་གོང་རྒྱ་ནག་གི་ས་ཁུལ་གཞན་ནས་བོད་ཀྱི་ས་ཁུལ་དེར་གཞིས་སྤོས་བྱས་པའི་མི་མང་ཆགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org