ཨ་རིའི་ནང་གི་བོད་མི་ཚོས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གནང་བཞིན་འདུག

ཨ་མི་རི་ཀའི་ས་གནས་ཁག་ཉེར་གསུམ་ཙམ་ནས་བོད་མི་བརྒྱ་ཙམ་རྒྱལ་སར་འཛོམས་ནས་ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་དངོས་སུ་ཐུག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་འདུག

ཨ་རིའི་ནང་གི་བོད་མི་ཚོས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གནང་བཞིན་པ། ༠༩།༢༢།༢༠༢༢ པ་སངས་དོན་ལྡན། /RFA

ཨ་མི་རི་ཀའི་ས་གནས་ཁག་ཉེར་གསུམ་ཙམ་ནས་བོད་མི་བརྒྱ་ཙམ་རྒྱལ་སར་འཛོམས་ནས་ཉིན་གཉིས་རིང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་དངོས་སུ་ཐུག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་འདུག
དེ་ཡང་འདི་ཚེས་༢༢ཉིན་ནས་ཉིན་གྲངས་གཉིས་རིང་། ཨ་མི་རི་ཀའི་ས་གནས་ཁག་༢༣ཙམ་ནས་བོད་མི་བརྒྱ་ཙམ་རྒྱལ་སར་འཛོམས་ནས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ལས་བྱེད་རྣམ་པར་དངོས་སུ་ཐུག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཌཡེན་ཕཡེནསི་ཊེན་(Dianne Feinstein)་མཆོག་གིས་བོད་དོན་ཞུ་གཏུག་པ་ཚོ་དང་མཇལ་འཕྲད་གནང་སྐབས། ཞུ་གཏུག་གི་ནང་དོན་ཁག་ལ་གསན་ཞིབ་གནང་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་ཁོང་གིས། བོད་ཀྱི་གནད་དོན་དེ་རྒྱ་ནག་གཞུང་དང་མི་མང་མཉམ་དུ་གྲོས་བསྡུར་གྱི་ལམ་ནས་སེལ་ཐུབ་པའི་རེ་བ་ཆེན་པོ་ཡོད་ལ་དེ་གལ་ཆེན་པོ་རེད། ཁོང་བོད་རྒྱ་ཕྱོགས་གཉིས་ཀའི་ཡུན་རིང་གི་གྲོགས་པོ་ཞིག་ཡིན། ད་ལྟ་བོད་རྒྱ་ཕྱོགས་གཉིས་ཀྱི་མི་སྣ་ཚོ་མཉམ་དུ་འཛོམས་རྒྱུའི་དུས་སུ་སླེབས་ཡོད། ད་ལྟ་འཛམ་གླིང་འདི་དཀའ་རྙོག་ཆེ་བའི་ས་གཞི་ཞིག་ཡིན་པས། དཀའ་རྙོག་གཅིག་ཡིན་ཡང་ཇེ་ཉུང་དུ་སོང་ན་ཡག་པོ་རེད། ཅེས་གསུང་བྱུང་།
ད་ལོར་བོད་དོན་ཞུ་གཏུག་ལས་འགུལ་གྱི་ནང་དོན་གཙོ་བོ་གཅིག་ནི། ཨ་རིའི་གྲོས་ཚོགས་འཐུས་མི་འཇིམསེ་མེཀ་གྷ་ཝརན་དང་། མཡེཀལ་མེཀ་ཀོལ་གཉིས་ཀྱིས་ཉེ་ལམ་ཟླ་༧པའི་ཚེས་ ༡༣ཉིན་ཁྲིམས་འཆར་(HR 8365)་བཏོན་གནང་སྟེ། བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་དེ་སེལ་དགོས་པའི་གནོན་ཤུགས་སྤྲོད་ཆེད་ཡིན་ཞིང་། ཁྲིམས་འཆར་དེའི་ནང་བོད་ནི་མི་རིགས་ཁག་ཁག་ཅིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་དོན་ཐད་གནས་ཚུལ་འཁྱོག་བརྗོད་བྱེད་བཞིན་པ་དེ་དག་ལ་གདོང་ལེན་ཡོ་བསྲང་བྱེད་དགོས་པའི་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་འགན་བསྐུར་བྱེད་གྱི་ཡོད་པ་བཀོད་ཡོད་པ་བཅས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་འདི་བཞིན་ཕྱི་ལོ་༢༠༠༨ནས་དབུ་འཛུགས་གནང་པ་ཞིག་ཡིན་ཞིང་། ད་རེས་ཐེངས་༡༥པ་ཡིན་པ་རེད། ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་འདས་པའི་ལོ་གཉིས་རིང་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་དྲ་ལམ་བརྒྱུད་ནས་སྤེལ་དགོས་བྱུང་ཡོད་པ་དང་། དེའི་རྗེས་ད་རེས་ཨ་རིའི་གྲོས་ཚོགས་ནང་དངོས་སུ་བཅར་ནས་ཞུ་གཏུག་གནང་པ་ཐོག་མ་ཆགས་ཀྱི་ཡོད་པ་རེད།
ད་རེས་ཞུ་གཏུག་ལས་འགུལ་སྐབས། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཞུ་གཏུག་གནང་ཡུལ་དུ་བཅར་ནས་གནས་ཚུལ་རྒྱུས་ལོན་བྱས་སྐབས། གྲོས་ཚོགས་འཐུས་མི་དང་ལས་ཁུངས་ཀྱི་ལས་བྱེད་རྣམས་ཀྱིས་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། ཁེ་ལི་ཧྥོར་ནི་ཡ་ནས་ཕེབས་པའི་ནོར་འཛིན་ལྷ་སྒྲོན་ལགས་ཀྱིས། བོད་ནང་དུ་བོད་ཕྲུག་མང་པོ་ཞིག་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་རྒྱ་ནག་ནང་ཁུལ་གྱི་སློབ་གྲྭ་ཁག་ནང་འཛུལ་ཞུགས་བྱེད་འཇུག་བཞིན་པའི་ཉནེ་ཁའི་ཐད་གླེང་སློང་གནང་སོང་ལ། ཁོང་མོས་བོད་དོན་ཞུ་གཏུག་བརྒྱུད་བོད་ནང་གི་བོད་མིའི་བདེ་སྡུག་ཞུ་ས་བྱུང་པར་དགའ་ཚོར་བྱུང་པ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org