གནས་སྤོས་བོད་མི་བཞི་སྟོང་ཙམ་འགྲོ་ས་འདུག་ས་མེད་པའི་དཀའ་ངལ་འཕྲད་བཞིན་འདུག

རྒྱ་ནག་གཞུང་གིས་ཆབ་མདོ་གོ་འཇོ་རྫོང་དང་སྨར་ཁམས་རྫོང་ཕྱོགས་ཀྱི་ས་ངན་མི་དམངས་གནས་སྤོར་བྱེད་བཅུག་པའི་མི་དམངས་༤༠༠༠་ལྷག་འགྲོ་ས་འདུག་ས་མེད་པའི་དཀའ་ངལ་འཕྲད་བཞིན་འདུག

གོ་འཇོ་ཕྱོགས་ཀྱི་ས་ཁྲ།

རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དང་སྨར་ཁམས་རྫོང་གི་ས་ངན་མི་དམངས་རྣམས་ས་ཁུལ་གཞན་དུ་གནས་སྤོས་བྱེད་བཞིན་པའི་ལས་གཞིའི་འོག་མི་དམངས་༤༠༠༠་ལྷག་འགྲོ་ས་འདུག་ས་མེད་པའི་དཀའ་ངལ་འཕྲད་བཞིན་འདུག
དེའི་ཐད་འབྲེལ་ཡོད་བོད་ནང་གི་བོད་མི་ཁག་གཅིག་གིས་སྤྱི་ཟླ་ ༥ ་ཚེས་ ༧ ་ཉིན་འདི་ག་རླུང་འཕྲིན་ཁང་ལ་གསུང་ན། སྤྱིར་རྒྱ་ནག་དབུས་གཞུང་གི་བཀོད་ཁྱབ་ལྟར། ཉེ་བའི་སྤྱི་ལོ་ ༢༠༡༤་ཙམ་ནས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ས་ངན་ཁུལ་གྱི་མང་ཚོགས་རྣམས་གྲོང་ཁྱེར་ལས་བརྒལ་ཏེ་ཡུལ་གཞན་དུ་གནས་སྤོས་ཀྱི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དང་། ལས་གཞི་དེའི་ཁོངས་སུ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཁོངས་གཏོགས་སྨར་ཁམས་རྫོང་ས་ངན་ཁུལ་གྱི་རྒོད་པོ་ཡུལ་ཚོ་འམ་ཤང་དང་། དེ་བཞིན་གོ་འཇོ་རྫོང་ས་ངན་ཁུལ་གྱི་ཁེར་རི་ཡུལ་ཚོ་འམ་ཤང་དང་། གླང་སྨད་ཤང་།  གསེར་གདོང་ཤང་། མིག་མདོ་ཤང་། བྱང་གསུམ་ཤང་། འདུམ་སྐྱེས་ཤང་བཅས་ཁྱོན་ས་ངན་གྱི་ཡུལ་ཚོ་འམ་ཤང་ཁག་བདུན་ཡོད་པ་དེ་དག་ནང་གི་མང་ཚོགས་ཡོངས་རྫོངས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ས་གནས་གཞན་ལ་གནས་སྤོས་བྱེད་བཅུག་གི་ཡོད་པ་ལྟར་དུ། ཉེ་བའི་སྤྱི་ལོ་༢༠༡༤་དང་༡༥་ཙམ་ནས་བཟུང་ས་ངན་གྱི་མང་ཚོགས་རྣམས་རིམ་པས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་དང་། སྟོད་ལུང་བདེ་ཆེན་རྫོང་། སྟག་རྩེ་རྫོང་། མལ་གྲོ་གུང་དཀར་རྫོང་། དེ་བཞིན་ཕན་པོ་ལྷུན་གྲུབ་རྫོང་དང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་། གཞན་ཀོང་པོ་སོགས་སུ་ཆ་བགོས་ཀྱིས་གནས་སྤོས་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ས་ངན་ཁུལ་ཤང་ཁག་དེ་དག་ཁོངས་ཀྱི་མི་སེར་ཡིན་པ་གང་ཞིག་ལ། འཚོ་བའི་ཆེད་དུ་ས་གནས་གཞན་ལ་ཞོར་ལས་སོགས་སུ་སོང་ནས་གནས་སྐབས་ཕ་ཡུལ་རང་ལ་སྡད་མེད་མཁན་གྱི་དུད་ཁྱིམ་ ༨༠༠ ་ལྷག་གི་མང་ཚོགས་མི་གྲངས་ ༤༠༠༠ ་ལྷག་ལ། ཆབ་མདོ་ས་གནས་གཞུང་གིས་གནས་སྤོས་བྱེད་སའི་ས་གནས་ཁག་ནས་ཁང་པ་མ་སྤྲད་པ་མ་ཟད། ཕ་ཡུལ་དུ་ཡང་འདུག་མི་ཆོག་པར་བརྗོད་བཞིན་པར་བརྟེན། ད་ཆ་ཁོ་ཚོ་འགྲོ་ས་འདུག་ས་མེད་པའི་ཛ་དྲག་དཀའ་ངལ་འོག་ལྷུང་ཡོད་པ་ངོ་སྤྲོད་གནང་བྱུང་།
གནད་དོན་དེ་དང་འབྲེལ་གོང་ཞུས་དཀའ་ངལ་འོག་ཡོད་པའི་བོད་མི་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་(Wu Yingjie)་དང་ཆེ་དགྲ་ལྷ་བཅས་ཀྱི་མིང་ཐོག་ཏུ་རེ་སྐུལ་སྙན་ཞུ་ཞིག་འབུལ་ཡོད་པའི་ནང་དུ། ང་ཚོ་འདིར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་ཤང་ཁག་དྲུག་དང་། སྨར་ཁམས་རྫོང་གི་ཤང་གཅིག་བཅས་ཀྱི་དུད་ཁྱིམ་ ༨༠༠ ་ལྷག་གི་མང་ཚོགས་མི་གྲངས་ ༤༠༠༠ ་ལྷག་ཡོད་པ་ཚང་མའི་ཁྱིམ་ཐོ་ད་དུང་ཕ་ཡུལ་དུ་ཡོད་མོད། འོན་ཀྱང་འཚོ་བའི་ཆེད་དང་། དེ་བཞིན་བུ་ཕྲུག་གི་སློབ་གསོ་སོགས་ཀྱི་ཆེད་དུ་ས་ཡུལ་ནས་ཁ་བྲལ་ཏེ། ས་གནས་གཞན་ནས་ཞོར་ལས་སོགས་གཉེར་བཞིན་ཡོད་སྟབས། ཕ་ཡུལ་གྱི་ས་གནས་དཔོན་རིགས་ཚོས་ང་ཚོར་རང་མོས་གནས་སྤོས་ཟེར་བའི་མིང་བཏགས་འདུག ང་ཚོས་ག་དུས་ས་གནས་ཀྱི་གྲོང་སྡེ་ལས་ཁུངས་དང་། ཤང་མི་དམངས་སྲིད་གཞུང་། ཡང་ན་རྫོང་མི་དམངས་སྲིད་གཞུང་སོགས་ལ་རང་མོས་གནས་སྤོས་ཟེར་བའི་སྙན་ཞུ་ཕུལ་བ་རེད་དམ། ང་ཚོས་ག་དུས་དེར་མོས་མཐུན་གྱི་མིང་རྟགས་བཀོད་ཡོད་པ་རེད་དམ་ཅེས་དང་།
རྒྱ་ནག་དབུས་གཞུང་གི་སྲིད་ཇུས་དེ་དག་ས་གནས་ལ་གཅིག་གྱུར་གྱིས་ལག་བསྟར་དོན་འཁྱོལ་ཡོང་མ་ཐུབ་པ་ཅི་ཡིན་ནམ། ང་ཚོར་ད་བར་རྒྱ་ནག་གཞུང་གིས་ཕ་ཡུལ་གྱི་མང་ཚོགས་གཞན་ལ་སྤྲོད་བཞིན་པའི་སྨན་བཅོས་དང་། སློབ་གསོ། རྒན་གསོ་སོགས་ཀྱི་རོགས་དངུལ་དེ་དག་གཅིག་ཀྱང་རགས་མ་མྱོང་། ང་ཚོའི་ཁྱིམ་ཐོ་ཡོད་སའི་སྨར་ཁམས་རྫོང་དང་གོ་འཇོ་རྫོང་གི་མི་འབོར་ནང་ང་ཚོ་རྩིས་ཡོད་པ་མ་རེད་དམ། གལ་ཏེ་རྩིས་མེད་ན། ང་ཚོ་ད་ཆ་རྫོང་དང་ས་ཁུལ་གང་གི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད་དམ། གལ་ཏེ་རྩིས་ཡོད་ན། དབུས་གཞུང་གིས་ང་ཚོར་གནང་བའི་རོགས་རམ་དེ་དག་སུས་འཁྱེར་སོང་བ་རེད། དེའི་ཐད་ངེས་པར་དུ་ཞིབ་བཤེར་ནན་མོ་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་མ་ཟད། ང་ཚོར་གུན་གསབ་སྤྲོད་དགོས་ཅེས་སོགས་འཁོད་འདུག
ཡང་འབྲེལ་ཡོད་དཀའ་ངལ་ཕྲད་བཞིན་པའི་བོད་མི་ཁག་གཅིག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ན། ན་ནིང་༢༠༡༩་ལོར་གོང་ཞུས་སྙན་ཞུ་དེ་བཞིན་བོད་རང་ལྗོངས་ཀྱི་ས་གནས་ཡིག་སྐུར་ངོ་གཏུགས་ལས་ཁུངས་སུ་ཐེངས་གསུམ་ལ་སྐྱེལ་བ་ཡིན་ལ། སྐབས་དེར་དཀའ་ངལ་ནང་ཡོད་པའི་མི་གྲངས་ ༤༠༠༠ ་ལྷག་གི་ཁྱིམ་ཐོའི་ངོ་བཤུས་ཀྱང་མཉམ་དུ་སྤྲོད་ཡོད་པས། མཐར་རང་སྐྱོང་ལྗོངས་ཀྱིས་ཆབ་མདོ་གྲོང་ཁྱེར་ལ་གནད་དོན་ཐག་གཅོད་བྱེད་དགོས་ལུགས་བཤད་ཡོད་མོད། འོན་ཀྱང་ང་ཚོའི་ཐོབ་ཐང་ལྐོག་ས་བྱེད་མཁན་ཆབ་མདོ་གྲོང་ཁྱེར་གྱི་དཔོན་རིགས་དང་། དེ་བཞིན་སྨར་ཁམས་རྫོང་དང་གོ་འཇོ་རྫོང་བཅས་ཀྱི་ས་གནས་དཔོན་རིགས་ཚོས་གནད་དོན་ཐག་གཅོད་བྱེད་ཀྱི་མེད་པ་མ་ཟད། ང་ཚོར་ད་ཕན་གནད་དོན་འདིའི་སྐོར་རང་སྐྱོང་ལྗོངས་དང་རྒྱ་ནག་དབུས་གཞུང་ལ་ཡར་ཞུ་བྱེད་མི་ཆོག་པ་དང་། གལ་ཏེ་ཡར་ཞུ་བྱས་པའི་གནས་ཚུལ་ཤེས་ན་བཙོན་འཇུག་བྱེད་རྒྱུ་ཡིན་ལུགས་སོགས་ཀྱི་འཇིགས་སྐུལ་ཐེངས་མང་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ཀྱིས་གསུང་ན། ཆབ་མདོ་ས་ངན་ཁུལ་གྱི་གནས་སྤོས་ལས་གཞི་དེ་ནི་རྒྱ་ནག་དབུས་གཞུང་གིས་ལས་གཞི་ཞིག་ཡིན་དུས། ཁུལ་དེར་ཐེམ་ཐོ་ཡོད་མཁན་ཚང་མར་ཐོབ་ཐང་གཅིག་མཚུངས་ཡོད་པ་རེད། འོན་ཀྱང་ང་ཚོའི་ཐོབ་ཐང་དེ་དག་ས་གནས་ཀྱི་དཔོན་རིགས་ཚོས་ལྐོག་ཟ་བྱས་ནས་ང་ཚོར་རག་གི་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་གནས་ཚུལ་མཁོ་སྤྲོད་པ་རྣམས་ཀྱིས། དམིགས་བསལ་སྨར་ཁམས་རྫོང་གི་ས་ངན་ཁུལ་རྒོད་པོ་ཤང་ལ་མཚོན་ན། ཡུལ་ཚོ་འམ་ཤང་དེའི་ས་གནས་འགོ་ཁྲིད་དངོས་གྲུབ་ཟེར་བས་སྤྱི་ལོ་ ༢༠༡༤་ཙམ་ནས་བཟུང་ཕ་ཡུལ་ལ་སྡད་མེད་པའི་མི་དམངས་རྣམས་ལ་རྒྱལ་ཁབ་ཀྱི་རོགས་རམ་ཡོད་པ་ཚང་མ་སྤྲོད་མཚམས་བཞག་ཡོད་ལུགས་འགྲེལ་བརྗོད་གནང་གི་འདུག་ལ།
ཡང་སྨར་ཁམས་རྫོང་གི་དམར་ཤོག་དྲུང་ཆེ་(Qi Yinghai)་ཡིས་དབུས་གཞུང་གིས་མི་དམངས་ལ་རོགས་རམ་གྱི་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་མ་བྱེད་པར་ལྐོག་ཟ་ཚབས་ཆེན་བྱེད་བཞིན་ཡོད་ཅིང་། དམིགས་བསལ་སྨར་ཁམས་རྫོང་ལ་ཁྱོན་ཤང་དང་གྲོང་རྡལ་ ༡༦་ཡོད་པ་དེ་དག་གི་ནང་ནས་རྒྱ་སྐད་དུ་(Dibao)་ཞེས་འབོད་པའི་དབུལ་སྐྱོར་དུད་ཁྱིམ་རྣམས་ལ་དབུས་གཞུང་གིས་ཁང་པ་ལས་ཆེད་ཀྱི་རོགས་དངུལ་ཁྲི་སྟོང་ཁྲག་མང་པོ་སྤྲད་ཡོད་པ་དེ་དག་ཚང་མ་མང་ཚོགས་ལ་མ་སྤྲད་པར། ས་གནས་དཔོན་པོ་ཚོས་རང་ཉིད་ལ་ལྐོག་རྔན་སྤྲོད་མཁན་གྱི་ངོ་ཤེས་ཚོང་དཔོན་ཚོར་ཆ་འགོས་བྱས་ནས། ཁོ་ཚོར་དབུལ་སྐྱོར་དུད་ཁྱིམ་རྣམས་གསོ་རྒྱུ་ཡིན་ལུགས་བཤད་ཀྱི་ཡོད་ཀྱང་། ཁོ་ཚོས་མང་ཚོགས་དེ་དག་ལ་ལྕགས་ཤོག་གི་ཁང་པ་ལས་ཡོད་པ་དེ་དག་སྤུས་ཚད་ལོན་གྱི་མེད་པའི་ཁར། ཁང་པ་དེ་དག་ནང་སྤོས་ཚར་བའི་རྗེས་འཚོ་བར་རོགས་རམ་གཅིག་ཀྱང་སྤྲོད་ཀྱི་མེད་པས། འཚོ་བའི་གནས་སྟངས་དེ་སྔ་ལས་ཇེ་སྡུག་ཏུ་སོང་ཡོད་པ་རེད། ཡང་དབུས་གཞུང་གི་དཔོན་རིགས་ས་གནས་ལ་ལྟ་སྐོར་དུ་ནམ་ཡོང་སྐབས་ཁྱིམ་ཆས་དང་ཟ་ཅག་སོགས་དངུལ་ཡོད་མཁན་ཚོར་བཙན་གྱིས་ཉོ་བཅུག་པ་དང་། མེད་མཁན་ཚོར་གཡར་བཅུག་ནས་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་པའི་རྣམ་པ་བསྟན་བཅུག་པ་མ་ཟད། ས་གནས་དཔོན་རིགས་ཚོས་ག་རེ་བཤད་པ་དེ་ལྟར་དུ་ལྟ་སྐོར་ཡོང་མཁན་དབུས་གཞུང་གི་དཔོན་རིགས་ལ་བཤད་དགོས་པ་མ་གཏོགས་མཇུག་འབྲས་ངན་པ་ཡོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་སྟངས་དེ་དག་ནི་ཧ་ལས་དགོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གནས་སྤོས་ལས་གཞི་འདིའི་ཐད་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་དུ། གཞི་རྒྱ་ཆེ་བའི་གནས་སྤོས་ལས་གཞི་འདི་ནི་དབུས་སྐྱོར་གྱི་ལས་གཞི་ཞིག་ཡིན་ལུགས་བསྒྲགས་བཞིན་འདུག
བོད་དོན་ཉམས་ཞིབ་པ་སོགས་ཀྱིས་ལས་གཞི་དེ་ནི་རྒྱ་ནག་གཞུང་གིས་འབྲོག་པ་གྲོང་ཁྱེར་ཅན་དུ་འགྱུར་བའི་སྲིད་ཇུས་ཤིག་ཡིན་ཞིང་། དེས་བོད་ཀྱི་མཐུན་མོང་མ་ཡིན་པའི་ཞིང་འབྲོག་ལས་ཀྱི་འཚོ་བའི་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། དམིགས་བསལ་ཁ་ཐོར་ཞིང་འབྲོག་མང་ཚོགས་རྣམས་རྣམས་ཕྱོགས་གཅིག་ཏུ་གནས་སྤོས་ཀྱིས་གཞུང་གི་དྲིལ་བསྒྲགས་སློབ་གསོ་དང་དོ་དམ་བྱེད་སླ་བའི་ཆེད་དུ་ཡིན་པ་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org