བོད་མི་མང་སྤྱི་འཐུས་རྣམ་པ་ཁག་བགོས་ཀྱིས་རྒྱ་གར་ནང་བོད་དོན་ཞུ་སྐུལ་གནང་འདུག

བོད་མི་མང་སྤྱི་འཐུས་རྣམ་པ་ཁག་བགོས་བྱས་ནས་རྒྱ་གར་གྱི་ས་གནས་གང་སར་ཕེབས་ཏེ་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ས་གནས་ཡུལ་མིར་ཐུག་ནས་བོད་དོན་ཞུ་སྐུལ་གནང་འདུག

རྒྱ་གར་གྱི་(Chennai)་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་གི་དོན་གཅོད་ཁང་དུ། ༠༨།༡༨།༢༠༢༣ CTA

དེ་ཡང་ཉེ་བའི་ཉིན་ཤས་རིང་། བོད་མི་མང་སྤྱི་འཐུས་རྣམ་པ་ཁག་བགོས་བྱས་ནས་རྒྱ་གར་གྱི་ས་གནས་གང་སར་ཕེབས་སྟེ་རྒྱ་གར་གྱི་གནད་ཡོད་མི་སྣ་དང་། སློབ་གྲྭ་ཁག ས་གནས་ཡུལ་མི་བཅས་དང་ཐུག་འཕྲད་བྱས་ནས་བོད་དོན་གཏམ་བཤད་དང་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་ཐོག་མར་ཕྱི་ཚེས་ ༡༦ཉིན་རྒྱ་གར་ལྷོ་ཕྱོགས་(Chennai)་གྲོང་ཁྱེར་ནང་གི་(IIT)་འཕྲུལ་རིག་སློབ་གཉེར་ཁང་གི་སློབ་མ་རྣམས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། བོད་ཀྱི་མང་གཙོའི་གནས་བབས།
རྒྱ་གར་གཞུང་གིས་བོད་མི་བཙན་བྱོལ་བ་ཚོར་རྒྱབ་སྐྱོར་གྱི་གནས་བབས་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ངོ་སྤྲོད་དང་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་ཡོད་འདུག
ཕྱི་ཚེས་༡༧ཉིན་(Tamil Nadu)་མངའ་སྡེའི་(Congress)་ཚོགས་པའི་འགོ་ཁྲིད་རྣམས་དང་མཇལ་འཕྲད་གནང་ནས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་གནང་བའི་ཞུ་ཡིག་དེ་ཕུལ་བ་དང་སྦྲགས་བོད་ཀྱི་གནད་དོན་དང་བོད་དེ་རྒྱ་གར་ལ་གནད་འགག་ཇི་ཆགས་སྐོར་གླེང་གནང་ཡོད་འདུག
གཞན་སྤྱི་འཐུས་རྣམ་གཉིས་ཀྱིས་(Tamil Nadu)་མངའ་སྡེའི་(BJP)་ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྣམ་པ་དང་མཇལ་འཕྲད་ཀྱིས་གོང་ཞུས་ལྟར་བྱེད་སྒོ་སྤེལ་གནང་ཡོད་པ་རེད་འདུག
ཚེས་༡༨ཉིན་སྤྱི་འཐུས་རྣམ་གཉིས་ཀྱིས་(Chennai)་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་གི་དོན་གཅོད་ཁང་དུ་ཆེད་ཕེབས་གནང་ནས། འགན་འཛིན་སྐུ་ཞབས་(Richard C.L. Chen)་དང་ལས་བྱེད་པ་རྣམ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་དང་། དབུས་བོད་མིའི་སྒྲིག་འཛུགས་དང་ཐེ་ཝན་གྱི་གཞུང་གཉིས་བར་གྱི་འབྲེལ་བའི་གནས་བབས་སྐོར་གླེང་གནང་ཡོད་པ་རེད་འདུག
ཕྱི་ཚེས་༡༩ཉིན་སྤྱི་འཐུས་རྣམ་གཉིས་ཀྱིས་(Chennai)་གྲོང་ཁྱེར་ནང་ཡོད་པའི་སྨན་རྩིས་ཁང་གི་ཡན་ལག་དང་(Loyola College)་སློབ་གྲྭའི་སློབ་སྤྱི་དང་མཇལ་འཕྲད་གནང་ནས་ཁོང་ལ་ད་བར་ལོ་མང་པོའི་རིང་མཐོ་སློབ་ཁང་དེ་ནས་བོད་པའི་སློབ་ཕྲུག་རྣམས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ནས་མུ་མཐུད་དུ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་ཡོད་འདུག


དེ་བཞིན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ཀྱིས། རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་དོན་སྤེལ་ཡོད་པ་དང་། ཚེས་༡༧ཉིན་ཁུལ་དེར་རྟེན་གཞི་བྱས་པའི་འཕྲུལ་རིགས་མཐོ་སློབ་ཁང་(Budge Budge Institute of Technology)་དང་། (Ganasamannay)་ཚོགས་པ། (Soho Bharat Foundation) ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་དེས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་འབྲེལ་བོད་དོན་གོ་རྟོགས་སྤེལ་བ་དང་ཞུ་སྐུལ་གནང་འདུག
ཕྱི་དྲོ་ཁུལ་དེའི་རྒྱ་གར་(CPI)་སྲིད་དོན་ཚོགས་པའི་ཚོགས་མི་དང་། དབུས་གྲོས་ཚོགས་གོང་མའི་འཐུས་མི་(Shri. Bikashranjan Bhattacharyya)་ལགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འདུག


གཞན་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཀྱིས་ཚེས་༡༢ཉིན་ནས་འགོ་བཙུགས་ཏེ། རྒྱ་གར་ར་ཇསི་ཐན་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་ཡོད་པ་རེད།


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org