ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷ་ར་ཛིལ་ནང་གི་བོད་ཁང་གི་ལས་ཁུངས་གསར་པ་དབུ་འབྱེད་གནང་འདུག
ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷ་ར་ཛིལ་གྱི་གྲོང་ཁྱེར་(São Paulo)་ནང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ངམ་བོད་ཁང་གི་ལས་ཁུངས་གནས་སྤོར་གྱིས་ལས་ཁུངས་གསར་དབུ་འབྱེད་གནང་འདུག
- 2023-11-03
-
-
-
དེ་ཡང་ཕྱི་ཟླ་༡༡པའི་ཚེས་༡ཉིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷ་ར་ཛིལ་(Brazil)་གྱི་དཔལ་འབྱོར་གྲོང་ཁྱེར་(São Paulo)་ནང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ངམ་བོད་ཁང་གནས་སྤོར་གྱིས་ལས་ཁུངས་གསར་པ་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ས་སྐྱ་ཁྲི་འཛིན་༤༢པ་རཏྣ་ཝ་ཛ་ར་རིན་པོ་མཆོག་གིས་བོད་ཁང་གི་ལས་ཁུངས་གསར་བ་རབ་གནས་གནང་ཡོད་འདུག
ལྷོ་ཨ་མི་རི་ཀའི་བྷ་ར་ཛིལ་གྱི་གྲོང་ཁྱེར་(Sao Paulo)་ནང་བོད་ཁང་གསར་པ་དབུ་འབྱེད་དང་རབ་གནས་གནང་བ་ནི་(Brazil)་རྒྱལ་ཁབ་ཀྱི་ནང་བོད་ཀྱི་ཆོས་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་དར་སྤེལ་ཐོག་ཆོད་སེམས་བརྟན་པོ་ཡོད་པ་མཚོན་གྱི་ཡོད་ཅིང་། བོད་ཁང་གསར་པ་དེ་ནི་བོད་མི་དང་(Brazil)་མི་མང་བར་ཆོས་དང་རིག་གཞུང་གི་འབྲེལ་ལམ་དར་སྤེལ་ཐོག་ཕན་ཐོགས་ཡོང་རྒྱུར་རེ་བ་རྒྱག་བཞིན་པ་དང་། བོད་ཁང་གི་ངོས་ནས་རིམ་པས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་དར་སྤེལ་སླད་གསུང་བཤད་ཀྱི་ལས་རིམ་དང་ཟབ་སྦྱོང་། བོད་ཀྱི་རི་མོའི་སྒྱུ་སྩལ་འགྲེམས་སྟོན། སྒོམ་སྒྲུབ་ཉམས་ལེན་སོགས་ཀྱི་ལས་འཆར་ཁག་གོ་སྒྲིག་གནང་རྒྱུ་ཡིན་པ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷ་ར་ཛིལ་(Brazil)་ནང་གཟིགས་སྐོར་སྐབས་ལས་ཁུངས་གསར་པ་དེ་གནས་སྤོར་བྱེད་སའི་ས་གནས་དང་ཁང་པ་ལ་གཟིགས་ཞིབ་གནང་ཡོད་པ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།