འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་བོད་དོན་གླེང་དགོས་བའི་འབོད་སྐུལ་རིམ་པ་གནང་འདུག

རྒྱ་གར་ནང་འཚོགས་རྒྱུའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་སྟེང་བོད་དོན་གླེང་དགོས་པ་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གིས་འབོད་སྐུལ་ཞུ་བཞིན་འདུག

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམ་པ། ATC

རིང་མིན་ཕྱི་ཟླ་༩བའི་ཚེས་༩ནས་༡༠བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་(G20Summit)་ཞེས་པ་དེ་འཚོགས་གཏན་འཁེལ་ཡོད་པ་དང་། ཚོགས་ཆེན་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཡང་མཉམ་ཞུགས་གནང་གི་ཡོད་པ་རེད། འདི་ཚེས་༢༩ཉིན་ཨོསི་ཊརེ་ལི་ཡའི་(Australia)་ནང་རྟེན་གཞི་བྱས་པའི་ཨོསི་ཊརེ་ལི་ཡ་བོད་དོན་ལས་འགུལ་ཁང་གིས། ཨོསི་ཊརེ་ལི་ཡའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱི་མཚན་ཐོག་ལ་ཡི་གེ་ཞིག་ཕུལ་བའི་ནང་། ཨོསི་ཊརེ་ལི་ཡའི་སྲིད་བློན་མཆོག་གིས། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་རྣམས་བཅའ་སྡོད་སློབ་གྲྭར་གཏོང་བཞིན་མི་རིགས་རྒྱ་བསྒྱུར་བྱེད་བཞིན་པ་གཙོས་བོད་ཀྱི་གནད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག
དེའི་ཐད་ཨོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ཁང་དེའི་འགན་འཛིན་ཛོ་ཡི་བྷེཊ་ཕྷོཊ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ང་ཚོས་སྲིད་བློན་གྱི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ། ཚོགས་ཆེན་སྟེང་རྒྱ་ནག་གི་སྟོབས་ཤུགས་ལ་མ་ལྟོས་པར། གཙོ་བོ་ཨོསི་ཊརེ་ལི་ཡའི་སྲིད་བློན་གྱི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་དུ་མཉམ་རུབ་ཀྱིས། ཚོགས་ཆེན་སྟེང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། རྒྱུ་མཚན་ནི། ད་ལྟའི་ཆར་བོད་ནང་གི་བྱིས་པ་ཚོ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭར་བཅུག་ནས་མི་རིགས་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་བཞིན་པའི་གནས་སྟངས་དེ་ནི་དེ་སྔ་ཨོསི་ཊརེ་ལི་ཡའི་གཞུང་གིས་གདོད་མའི་མི་རིགས་རྣམས་ལ་སྤེལ་བའི་ལས་གཞི་དང་གཅིག་མཚུངས་ཡིན་དུས། ཨོསི་ཊརེ་ལི་ཡའི་གཞུང་གི་ངོས་ནས། གནད་དོན་དེའི་ཐོག་དགོངས་པ་བཞེས་དགོས་ཀྱི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དེ་ནི། ཐོག་མ་ཕྱི་ལོ་༡༩༩༩ལོར་ཨེ་ཤེ་ཡའི་ཁུལ་དུ་དཔལ་འབྱོར་གྱི་དཀའ་ངལ་བྱུང་རྗེས་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ཕྱིས་སུ་ཕྱི་ལོ་༢༠༠༨ལོར་རྒྱལ་ཁབ་བར་གྱི་འགོ་ཁྲིད་ཚོ་མཉམ་ཞུགས་ཀྱིས་ད་བར་ལོ་ལྟར་ཚོགས་མུས་ཡིན་པ་རེད།
འདི་ཚེས་༢༤ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཡོད་ཅིང་། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས། རིང་མིན་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་བོད་དོན་ངེས་པར་དུ་གླེང་དགོས་པ་ནན་བརྗོད་གནང་བ་དང་སྦྲགས། དགོས་འདུན་དོན་ཚན་བདུན་བཏོན་ཡོད་པའི་ཁྲོད། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་འདུག་པ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་བདག་དབང་མགོན་པོ་གང་ཉིད་མཆོག་ལས་གཞན་སུ་ཞིག་ལ་མེད་སྐོར་སོགས་བཀོད་འདུག
དེའི་ཐད་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ང་ཚོས་གསར་འགོད་གསལ་བསྒྲགས་དེ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་གཞུང་སོ་སོ་ནས་བོད་དོན་ལ་ཐུགས་འཁུར་བཞེས་རྒྱུའི་ཆེད་དམིགས་པ་ཞིག་ཡིན་པ་དང་། རིང་མིན་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་བོད་དོན་ངེས་བར་གླེང་དགོས་པའི་རེ་འདུན་བཏོན་ཡོད། གང་ཡིན་ཟེར་ན། བོད་དོན་ནི་བོད་ཀྱི་གནད་དོན་ཙམ་མིན་པར་དེང་སང་འཛམ་བུ་གླིང་གི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་གསུངས་བྱུང་།
གཞན་ཡང་དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་༤ཚེས་༢༩ཉིན་ནས་སྒང་ཏོག་གི་རྒྱལ་ས་འབྲས་ལྗོངས་ནས་ཕྱི་ཟླ་༥པའི་ཚེས་༢༣བར་ཨ་སམ་མངའ་སྡེའི་ཏེཛ་པུར་བར་གོམ་བགྲོད་གནང་སྟེ། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་བོད་དོན་སྐོར་གླེང་སློང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
འདི་ལོར་རྒྱ་གར་གྱི་གཙོ་སྐྱོང་འོག་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དེ་འཚོགས་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་གླེང་སྟེགས་ཁྲོད་གཙོ་བོ་རྒྱལ་ཁབ་ནང་ཁུལ་མཉམ་ལས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དཀའ་ངལ་འཕྲད་བཞིན་པར་གདོང་ལེན་གནང་རྒྱུ་དེ་ཡིན་པ་རེད།
སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོས་ངེས་པར་དུ་ཐེར་འདོན་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་ཨོསི་ཊརེ་ལི་ཡ་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཛོ་ཡི་བྷེཊ་ཕྷེཊ་ལགས་ཀྱིས་མུ་མཐུད་གསུངས་བྱུང་།
རྒྱ་གར་ནང་འཚོགས་རྒྱུའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དང་འབྲེལ། རྒྱ་གར་ནང་གི་གྲོང་ཁྱེར་ཆེ་ཁག་༥༠འི་ནང་ད་བར་ཚོགས་ཆེན་དང་འབྲེལ་བའི་ཚོགས་འདུ་༢༠༠ལྷག་བསྐོང་ཚོགས་གནང་ཡོད་ཅིང་། ཕྱི་ལོ་༢༠༢༥ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དེ་སྦ་རཱ་ཛིལ་རྒྱལ་ཁབ་ཀྱིས་གཙོ་སྐྱོང་གནང་རྒྱུ་ཡིན་འདུག


གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org