སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་དང་མཇལ་ནས་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲི་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཡོ་རོབ་ཁུལ་དུ་ཕྱོགས་ཕེབས་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་དབང་དང་མང་གཙོའི་ཆེད་ཀྱི་འཐབ་རྩོད་ཀྱི་ཉིན་མོ་ཞེས་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲི་གནང་འདུག
- 2022-11-18
-
-
-
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཡོ་རོབ་ཁུལ་དུ་ཕྱོགས་ཕེབས་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་དབང་དང་མང་གཙོའི་ཆེད་ཀྱི་འཐབ་རྩོད་ཀྱི་ཉིན་མོ་ཞེས་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲི་གནང་འདུག
དེ་ཡང་སྤྱི་ཟླ་༡༡པའི་ཚེས་༡༧ཉིན་ཏེ་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech)་ཀྱི་རང་དབང་དང་མང་གཙོའི་ཆེད་ཀྱི་འཐབ་རྩོད་ཀྱི་ཉིན་མོ་ཞེས་རྒྱལ་སྟོན་དུས་ཆེན་ཉིན་མོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ལྕམ་(Eliska Zigova)་དང་མཇལ་འཕྲད་གནང་ནས་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲི་གནང་ཡོད་པ་དང་། ལྡི་ལིར་ཡོད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གི་(Twitter)་དྲྭ་ཐོག་དབུ་ཁྲིད་གཉིས་མཉམ་དུ་སྒྲོན་པའི་འདྲ་པར་བཀོད་སྤེལ་གནང་ཐོག དེ་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་དབང་དང་དམངས་གཙོའི་དུས་ཆེན་གྱི་ཉིན་མོ་ཡིན་པས། རང་དབང་དང་དམངས་གཙོ་དོན་གཉེར་ཆེད་འཐབ་རྩོད་བྱེད་བཞིན་པའི་མི་བུ་དག་དང་ལྷན་དུ་རོལ་ཡོད། བོད་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་མཇལ་བར་དགའ་པོ་བྱུང་ཞེས་བཀོད་འདུག་ལ། སྲིད་སྐྱོང་མཆོག་གིས་དེ་བརྒྱུད་སྤེལ་དང་མཉམ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲི་གནང་འདུག
དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཀྱང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲི་གནང་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།