རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་ཁག་མཉམ་དུ་རྡ་སར་རེ་བ་དང་གདོང་ལེན་ཞེས་བའི་ཚོགས་འདུ་འཚོགས་བཞིན་འདུག

སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་ཚོགས་འདུ་འདིས་རྒྱ་ནག་གི་བཙན་གནོན་མུ་མཐུད་དུ་ཁུར་རྒྱུ་མིན་པ་རྒྱ་ནག་ལ་བརྡ་ལན་སྤྲོད་རྒྱུ་ཡིན་པ་གསུངས་སོང་།

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་ཁག་མཉམ་དུ་རྡ་སར་རེ་བ་དང་གདོང་ལེན་ཞེས་བའི་ཚོགས་འདུ་འཚོགས་བཞིན་པ། ༠༦།༠༨།༢༠༢༣ RFA/Dhasa

སྤྱི་ཟླ་༦པའི་ཚེས་༨ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཐེ་ཝན་དང་། བོད། ཡུ་གུར། ཧོང་ཀོང་། དེ་བཞིན་སོག་པོ་བཅས་ཀྱི་རང་དབང་འཐབ་རྩོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། ཤེས་ཡོན་པ། མང་གཙོ་དོན་གཉེར་བ། བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་༧༠ལྷག་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་འཛོམས་ནས་༼རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བཞིན་འདུག
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ད་རེས་འདིར་ལྷན་འཛོམས་བྱུང་བའི་མི་སྣ་ཚོ་ནི་རྒྱ་ནག་གི་བཙན་གནོན་མྱོང་མཁན་གཅིག་མཚུངས་ཡིན་པས། ད་རེས་ཚོགས་འདུའི་ཐོག་མི་རིགས་སོ་སོའི་དཀའ་ངལ་བཤད་པ་ཙམ་མིན་པར། ཐབས་བྱུས་ཀྱི་ངོ་བོ་ཐོག་ནས་འབྱུང་འགྱུར་རྒྱ་ནག་གཞུང་ལ་ཁ་གཏད་ཇི་ལྟར་བཅོག་དགོས་པའི་སྐོར་གྲོས་བསྡུར་བྱ་རྒྱུ་གལ་ཆེ་བ་དང་། མི་རིགས་སོ་སོའི་ངོ་བོ་མི་འདྲ་བ་ཡིན་ནའང་། མཉམ་རུབ་ཀྱིས་ཐོག་ནས་ལས་འགུལ་ཇི་ལྟར་སྤེལ་དགོས་པ་སོགས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་གལ་ཆེ་བའི་སྐོར་གསུངས་ཤིང་། ལྷག་དོན་དུ་ཚོགས་འདུ་འདི་བརྒྱུད་ནས་རྒྱ་ནག་གི་བཙན་གནོན་མུ་མཐུད་དུ་ཁུར་རྒྱུ་མིན་པ་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་རྒྱུ་ཡིན་པ་གསུངས་སོང་།
ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སྐུ་ཞབས་(Edward Chin)་ལགས་ནི། ད་རེས་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུའི་སྟེང་གཏམ་བཤད་པ་གཙོ་བོ་གྲས་ཤིག་ཡིན་འདུག་ཅིང་། ཁོང་གིས་བོད་ཀྱི་ཉམས་མྱོང་ལ་དཔེ་བལྟས་ཏེ་གནམ་བདེ་སྒོ་མོ་དང་། ཧོང་ཀོང་ལ་རྒྱུས་ལོན་བྱ་དགོས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག ཁོས་དེ་སྔོན་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གིས་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལྷག་མེད་པ་བཟོས་ཡོད། དེ་ནི་མི་རིགས་རྩ་མེད་བཟོ་རྒྱུའི་ཆ་ཤས་ཤིག་རེད། དེང་སང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དེ་ལྟ་བུའི་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད། ཡིན་ནའང་། དེ་འདྲའི་སྲིད་བྱུས་དེ་ཡུན་རིང་གནས་མི་ཐུབ་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཨ་མི་རི་ཀར་རྟེན་གཞི་བྱས་པའི་(City university of New York)་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་(Ming Xia)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་རིང་འདིར་ལྷན་འཛོམས་བྱུང་བའི་མི་སྣ་ཚོ་ནི། རྒྱ་ནག་དམར་ཤོག་གི་འོག་དཀའ་སྡུག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ཚོ་རེད། ང་ཚོས་ངེས་པར་དུ་ཐུན་མོང་གི་ཚོགས་པ་ཞིག་བཙུགས་ཏེ། ཕྱོགས་འགལ་ཚོགས་པ་ཞིག་གི་ངོ་བོའི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན། ང་ཚོར་གོ་སྐབས་ཏན་ཏན་རག་གི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ད་རེས་ཚོགས་འདུ་འདིའི་བརྗོད་གཞི་དེ་ཆབ་སྲིད་ཀྱི་རྣམ་པ་ཤུགས་ཆེར་སྟོན་གྱི་ཡོད་ནའང་། གཙོ་བོ་མཁས་པའི་བགྲོ་གླེང་གི་ངོ་བོ་ཐོག་ནས་འཚོགས་ཀྱི་ཡོད་པ་གསུངས་ཤིང་། བོད་མིའི་སྒྲིག་འཛུགས་ལ་དམིགས་བསལ་གྱི་ནུས་པ་ཞིག་ཡོད་དེ་ནི་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཚོ་མཉམ་རུབ་ཀྱིས་ཚོགས་འདུ་བསྐོང་ཚོགས་གནང་ཐུབ་པ་དེ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།


ཨ་མི་རི་ཀར་གནས་སྡོད་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ཐོག་ཐུགས་འགན་བཞེས་མཁན་སྐུ་ཞབས་(Tashken Davlet)་ལགས་ཀྱིས། དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་པ་བཞིན། ང་ཚོས་མཉམ་རུབ་ཀྱི་ཐོག་ནས་ཡོ་རོབ་དང་། ཨ་རི་དེ་བཞིན་རྒྱལ་ཁབ་གཞན་གྱི་ནང་རྒྱ་ནག་གི་བཙན་གནོན་འོག་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་ཚོའི་ཆེད་སྲིད་བྱུས་གཏན་འབེབས་ཡོང་རྒྱུར་འབད་རྒྱུ་གལ་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དཔེར་ན། ང་ཚོ་ཡུ་གུར་ལྟ་བུར་མཚོན་ན། རྒྱ་ནག་གཞུང་གིས་ང་ཚོའི་མི་རིགས་རྩ་མེད་བཟོ་ཐབས་ལ་འབད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བཙོན་ཁང་ནང་ཡོད་པའི་ཡུ་གུར་མི་རིགས་རྣམས་ངལ་རྩོལ་གྱིས་ལམ་ནས་རྒྱ་ནག་གིས་བཟོ་སྐྲུན་བྱེད་བཞིན་པའི་ཅ་དངོས་མང་དག་ཅིག་གི་ཆེད་བེད་སྤྱོད་བྱེད་བཞིན་ཡོད། དེར་བརྟེན་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་ཅ་དངོས་རྣམས་གཞན་དང་བསྡུར་ན་གོང་ཆུང་བ་ཡོང་གི་ཡོད་པའི་རྒྱུ་མཚན་དེར་ཐུག་ཡོད། མདོར་ན། ང་ཚོས་དུས་ནམ་ཡང་རྒྱ་ནག་ལ་ཡིད་ཆེས་བྱེད་མི་རུང་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མྱོང་མཁན་འདས་པོ་ལིའུ་ཞོ་པོ་ཡི་བཟའ་ཟླ་ལྕམ་ལིའུ་ཞ་ལགས་ཀྱང་ཚོགས་འདུར་ཆེད་བཅར་གནང་འདུག་ལ། འདི་གའི་གསར་འགོད་པས་ཁོང་མོར་བཅར་འདྲི་ཞུ་ཐབས་བྱས་ཀྱང་དང་ལེན་གནང་མ་སོང་།
ཐེངས་འདིའི་ཚོགས་འདུ་དེ་བཞིན་སྤྱི་ཟླ་༦པའི་ཚེས་༨ནས་༡༠བར་ཉིན་གྲངས་༣རིང་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་སྟེང་གཏམ་བཤད་པ་ཚོས། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་། རྒྱ་ནག་གི་མེང་། ཆིང་། མི་སེར་རྒྱལ་ཁབ། རྒྱ་དམར་གཞུང་བཅས་བར་གི་ཆོས་ལུགས་ཀྱི་འབྲེལ་བའི་སྐོར་གཏམ་བཤད་གནང་རྒྱུ་ཡིན་འདུག་པ་མ་ཟད། གདུག་རྩུབ་སྲིད་དབང་ཚར་གཅོད་དང་སྤྱི་མཐུན་ལམ་ལུགས་གསར་འཛུགས། བོད་རྒྱ་བར་གྱི་དམངས་ཁྲོད་འབྲེལ་བའི་གོ་སྐབས་དང་གདོང་ལེན་སྐོར། དུས་དང་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་བྱ་དགོས་པའི་སྐོར། དེ་བཞིན་མན་ཇུ་རྒྱལ་ཁབ་སླར་གསོའི་ལས་འགུལ་གྱིས་ཤར་ཨེ་ཤེ་ཡ་ལ་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་སོགས་ཀྱི་ཐོག་གཏམ་བཤད་བགྲོ་གླེང་གནང་རྒྱུ་ཡིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org