ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གྱི་སྤྱི་མོས་གྲོས་ཆོད་བཞག་འདུག
ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྲིད་སྐྱོང་མཆོག་ལ་བོད་དོན་ཉན་ཞིབ་རྗེས་འཐུས་མི་རྣམས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་རྒྱ་ཞི་མོལ་ཡོང་དགོས་བའི་གྲོས་ཆོད་ལ་སྤྱི་མོས་རྒྱབ་སྐྱོར་གནང་འདུག
- 2022-05-06
-
-
-
འདི་ཟླའི་ཚེས་༥ཉིན་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝར་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ། གྲོས་ཚོགས་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་འཛུགས་སྐྲུན་ལས་དོན་ཚོགས་ཆུང་གི་བོད་དོན་ཉན་ཞིབ་སར། སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་སྐོར་འཁྱོག་བཤད་བྱས་དང་བྱེད་བཞིན་ཡོད་སྟབས། ནུབ་ཕྱོགས་པ་ཚོས་བོད་ཀྱི་ལོ་རྒྱུས་སྐོར་ངེས་པར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་བ་དང་མཉམ། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་ཡིན་པའི་རྒྱུ་མཚན་དཔང་རྟགས་ཕྱི་རྒྱལ་མིས་ཞིབ་འཇུག་གནང་བའི་ཕྱག་དེབ་གཉིས་ངོ་སྤྲོད་གནང་བ་དང་། རྒྱ་ནག་གི་ལོ་རྒྱུས་འཁྱོག་བཤད་འོག་མི་ཚུད་པར་བོད་ཀྱི་ལོ་རྒྱུས་མཁྱེན་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་ཐབས་ཇུས་ལ་ཚད་མཐོའི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་སོང་།
ད་དུང་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱ་ནག་གཅིག་གི་སྲིད་ཇུས་འོག་བོད་མིའི་ངོ་བོ་རྩ་བརླག་གཏོང་བཞིན་པ་དང་། རྒྱ་གཞུང་གིས་བྱ་སྤྱོད་ལ་བརྟེན་ནས་བོད་དང་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་དུ་ཆུའི་དཀའ་ངལ་འཕྲད་པ། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་དང་བོད་མིའི་འགྲོ་སྡོད་སྤྱོད་གསུམ་བཅས་ལ་རང་དབང་མེད་པ་སོགས་སྙན་སེང་ཞུས་ནས། ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐད་རྒྱབ་སྐྱོར་གྲོས་ཆོད་ལག་བསྟར་དང་། རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་པའི་སྐོར་གསུངས་ཡོད་པ་རེད།
སྐབས་དེར་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་ཆེད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་ཞི་མོལ་ཡོང་དགོས་བའི་གྲོས་ཆོད་བཞག་པར་སྤྱི་མོས་རྒྱབ་སྐྱོར་གནང་འདུག
ཉན་ཞིབ་སྐབས་ད་དུང་སྲིད་སྐྱོང་མཆོག་གིས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་མཛད་རྗེས་དང་བོད་བརྒྱུད་ནང་བསྟན་གྱི་གལ་གནད། ལྷག་པར་རྒྱལ་བ་ཡབ་སྲས་གཉིས་ཀྱིས་ཐུན་མོང་ཡང་སྲིད་ངོས་འཛིན་གནང་ཕྱོགས་སོགས་གསུངས་རྗེས། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐད་དྲི་བ་གནང་བ་དང་། ལྷག་དོན་ཁེ་ཎ་ཌའི་གཞུང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་སོགས་དྲི་བ་དྲིས་བར་ལན་འདེབས་གནང་ཡོད་པ་རེད།
དེ་ལྟར་ཚེས་༥ཉིན་རྒྱལ་ས་ཨོ་ཏྲ་ཝ་ནས་མཛད་རིམ་འདྲ་མིན་བསྐྱངས་རྗེས། སྲིད་སྐྱོང་མཆོག་ཚེས་༦ཉིན་ཁེ་ཎ་ཌའི་(Montreal)་ཁུལ་དུ་ཕེབས་ཐོན་གནང་ཡོད་པ་དང་། ཁུལ་དེར་ས་གནས་བོད་མི་དང་། གནད་ཡོད་མི་སྣར་མཇལ་མོལ་གནང་རྒྱུ་དང་། དེ་ནས་ཁེ་ཎ་ཌའི་ནང་བོད་མི་མང་ཤོས་གནས་ཡུལ་ཀྲོ་རོན་ཀྲོ་གྲོང་ཁྱེར་ནང་ཕེབས་ནས་མུ་མཐུད་དུ་གཞུང་འབྲེལ་མཛད་རིམ་བསྐྱངས་རྒྱུ་ཡིན་འདུག
སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འགན་བཞེས་བའི་རྗེས་ད་རེས་བྱང་ཨ་རི་དང་ཁེ་ཎ་ཌ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ་ཐོག་མ་ཡིན་པ་རེད།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།