བྷེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཞིག་དང་མཇལ་མོལ་གནང་འདུག
བྷེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཌེ་ཝིཊ་ལེ་གྷ་ལགས་དང་མཇལ་འཕྲད་གནང་འདུག
- 2023-09-21
-
-
-
དེ་ཡང་འདི་ཟླའི་ཚེས་༢༠གཟའ་ལྷག་པའི་ཉིན་བྷེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊེ་ཝིཊ་ལེ་གྷ་(David Lega)་ལགས་དང་མཇལ་འཕྲད་ཞུས་ཏེ་བོད་དོན་རྒྱབ་སྐྱོར་གྱི་ཕྱག་ལས་ལ་ཐུགས་རྗེ་ཆེ་ཞུས་བ་དང་མཉམ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དམིགས་བསལ་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ལྷག་ནང་མི་དང་ཁ་བྲལ་བཏང་ནས་བཙན་གྱིས་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་བསྒྱུར་སློབ་གསོ་སྤེལ་བཞིན་པ་དང་། མི་རིགས་རྒྱ་བསྒྱུར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་ཇུས་རྣམས་ངོ་སྤྲོད་སྙིང་བསྡུས་ཞུས་ཡོད་འདུག
ད་དུང་སྐུ་ཚབ་དོན་གཅོད་མཆོག་གིས། རྒྱ་ནག་གཞུང་གིས་བཀོད་ཁྱབ་༡༩ཟེར་བའི་སྒྲིག་སྲོལ་གསར་པ་ཞིག་གཏན་འབེབས་བྱས་ཏེ་ཕྱི་ཟླ་དགུ་པའི་ཚེས་༡ནས་དངོས་སུ་ལག་བསྟར་བྱས་པ་དེའི་དམིགས་ཡུལ་ནི། རྒྱ་ནག་གཞུང་གིས་བོད་ནང་གི་རང་དབང་གི་ཐོག་ལ་སྔར་བས་དམ་དྲག་ཆེ་རུ་གཏོང་རྒྱུ་དང་། བོད་ནང་གི་ཆོས་ལུགས་རང་དབང་ཐད་མུ་མཐུད་དུ་དམ་དྲག་བྱེད་པའི་ཆེད་དུ་ཡིན་པ་ངོ་སྤྲོད་གནང་འདུག
སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(David Lega)་ལགས་ཀྱིས། རྒྱ་ནག་གི་སྟངས་འཛིན་འོག་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག་ལ་བློ་འཚབ་ཡོད་པ་གསུངས་བ་དང་། ཁོང་གིས་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་བཞིན་པའི་ཕྱག་ལས་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུ་ཡིན་པ་གསུངས་འདུག
སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱོགས་གཉིས་བར་དོན་ཕན་ལྡན་པའི་གོ་བསྡུར་བྱུང་བ་མ་ཟད། མུ་མཐུད་ནས་འབྲེལ་བ་རྒྱུན་འཁྱོངས་གནང་རྒྱུའི་བཀའ་མོལ་བྱུང་འདུག
སྐུ་ཞབས་(David Lega)་ནི་སུད་ཌན་གྱི་ཆབ་སྲིད་པ་ཞིག་དང་། ཡོ་རོབ་མི་དམངས་ཀྱི་སྲིད་དོན་ཚོགས་པའི་ཁོངས་གཏོགས་(EPP)་ཞེས་ཡོ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཀྱི་འཐུས་མི་ཡིན་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།