བོད་ཀྱི་རྒྱལ་ས་ལྷ་སའི་གནམ་ཐང་རྒྱ་སྐྱེད་གཏོང་འཆར་ཡོད་འདུག
རྒྱལ་ས་ལྷ་སའི་ཉེ་འཁྲིས་གོང་དཀར་གནམ་ཐང་དུ་མཚན་མོའང་གནམ་གྲུ་འགྲུལ་བཞུད་བྱེད་རྒྱུའི་མཐུན་རྐྱེན་བཟོ་ཐབས་སུ་དམིགས་ནས་རྒྱ་སྐྱེད་གཏོང་འཆར་འདུག
-
2008-06-26 -
-
-
༄༅༎རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ཞིག་ཨེ་པི་གསར་འགྱུར་ནང་བཀོད་པར་ལྟར་ན། ལྷ་སའི་ཉེ་འཁྲིས་གོང་དཀར་གནམ་ཐང་དུ་མཚན་མོའང་གནམ་གྲུ་འགྲུལ་བཞུད་བྱེད་རྒྱུའི་མཐུན་རྐྱེན་བཟོ་ཐབས་སུ་དམིགས་ནས་ད་ལྟ་ཡོད་བཞིན་པའི་ཆ་ཚད་ནས་བརྒྱ་ཆ་བཞི་བཅུ་ཙམ་རྒྱ་སྐྱེད་གཏོང་འཆར་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། དེང་སང་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཉེ་འཁྲིས་ས་གནས་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་དང༌། འདས་པའི་ལོ་དེའི་ནང་གོང་དཀར་གནམ་ཐང་གཅིག་པུའི་ཐོག་འགྲུལ་པ་ས་ཡ་གཅིག་ཙམ་ནས་འགྲུལ་ཞུད་བྱས་ཡོད་པ་རེད།
སྤྱིར་བཏང་བོད་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་གནམ་ཐོག་ནས་གཅིག་པུ་མ་ཡིན་པར་འདས་པའི་ལོ་འགའ་ཤས་ནས་བཟུང་རི་ལིའི་འགྲུལ་ལམ་བཟོས་ཡོད་སྟབས་རི་ལི་བརྒྱུད་ཡོང་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད། རྒྱ་ནག་གཞུང་ནས་རྒྱ་རིགས་མང་པོ་ཞིག་བོད་ནང་ཡུལ་སྐོར་སྤྲོ་འཆམ་ཙམ་མ་ཡིན་པར་གཞིས་སྤོས་བྱེད་རྒྱུའི་འཆར་གཞི་གཏིང་གི་ཡོད་པ་རེད་ལ་དེས་བོད་མི་ཚོའི་འཚོ་བའི་ཐོག་ཕན་ཐོགས་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རི་ལིའི་ལྕགས་ལམ་བཟོས་པ་དེས་བོད་ཀྱི་རང་བྱུང་ཐོན་ཁུངས་རྣམས་བཤུ་གཞོག་བཏང་བ་ཙམ་མ་ཟད་བོད་མིའི་ནང་ཆོས་དང་གོམས་སྲོལ་སོགས་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།