༸གོང་ས་མཆོག་ལྦ་ར་ན་སིར་ཆིབས་བསྒྱུར།
༸གོང་ས་མཆོག་རྒྱ་གར་གྱི་ནང་པའི་གནས་མཆོག་ལྦ་ར་ན་སི་དུ་ཞབས་སོར་འཁོད་སྐབས་མི་དམངས་སྟོང་མཚོ་མང་པོས་ཕེབས་བསུ་ཞུས་འདུག
-
2011-01-11 -
-
-
༄༅༎ཕྱི་ཟླ་དང་པོའི་ཚེས་༡༠ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ནང་པའི་གནས་མཆོག་ལྦ་ར་ན་སི་དུ་ཞབས་སོར་འཁོད་སྐབས། མི་དམངས་སྟོང་མཚོ་མང་པོའི་ལག་ཏུ་སྤོས་སྣེ་དང་མཇལ་དར་བསྣམས་ཏེ་ཕེབས་བསུ་ཞུས་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྦ་ར་ན་སིའི་གནམ་ཐང་དུ་ཆིབས་བསྒྱུར་སྐབས། ཕེབས་བསུར་གསུང་ཆོས་གོ་སྒྲིག་ཞུ་མཁན་ལྦ་ར་ན་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་སྐུ་ཞབས་ངག་དབང་བསམ་བསྟན་ལགས་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་དྲུང་ཆུང་དངོས་གྲུབ་ལགས་སོགས་ཕེབས་བསུར་བཅར་ཡོད་ཅིང༌། དེ་རྗེས་གནམ་ཐང་ནས་ལྦ་ར་ན་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོར་འཁོད་པའི་སྐབས། སློབ་གྲའི་སྒོ་འགྲམས་ནས་སེར་སྐྱ་མི་དམངས་སྟོང་ཚོ་སེར་འབངས་སྒྲིག་ཏེ་ཕེབས་བསུ་ཞུས་པ་དང༌། དེ་ནས་སློབ་གྲའི་ནང་དུ་དགའ་ལྡན་ཁྲི་རིན་པ་ཆེ་དང་དགའ་ལྡན་ཤར་བྱང་ཆོས་རྗེ་རིན་པོ་ཆེ་སོགས་དགོན་པའི་བླ་ཆེན་ཁག་དང༌། སློབ་ཕྲུག་གིས་བཀྲིས་ཞོལ་པའི་རྟེན་འབྲེལ་གྱི་བྲོ་གཞས་འཁྲབ་སྟོན་ཞུས་ཏེ་ཕེབས་བསུ་གྲུབ་པའི་རྗེས། དགེ་འདུན་པའི་རྡུང་རྒྱ་དཀྲོལ་གཏོང་དང་སྤོས་སྣེ་འདྲེན་ཏེ་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་ཝ་ར་ན་སི་དུ་ཕྱི་ཟླ་དང་པོའི་ཚེས་༡༢ནས་ཚེས་༡༦བར་ཉིན་གྲངས་ལྔའི་རིང་ལྦ་ན་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེས་ཁྲིས་སུ་གསུང་ཆོས་གནང་རྒྱུའི་ཆོས་འབྲེལ་གྱི་མཛད་འཆར་ཡོད་པ་དང༌། ཉིན་དེའི་རིང་ལ་སྤྱོད་འཇུག་དང༌། ཀ་མ་ལ་ཤཱི་ལའི་མཛད་པས་སྒོམ་རིམ་བར་མའི་བཀའ་ཆོས་གནང་རྒྱུ་ཡིན་པ་རེད།