བོད་རྫོགས་ཆེན་རྫོང་གི་སྲིད་གཞུང་མདུན་བོད་མིས་ཞི་རྒོལ།
བོད་ནང་མི་དམངས་སྟོང་ཕྲག་གསུམ་ཙམ་འདུ་འཛོམས་ཀྱིས་ཞི་བའི་གོམ་བགྲོས་ཀྱིས་རྒྱ་ནག་གཞུང་ལ་མུ་མཐུད་ནས་ངོ་རྒོལ་བྱས་ཡོད་པ་རེད།
-
2012-04-27 -
-
-
༄༅༎རེས་གཟའ་ལྷག་པའི་ཉིན་བོད་ཤར་ཕྱོགས་སྡེ་དགེ་རྫོགས་ཆེན་ཁུལ་གྱི་རྫོང་སྲིད་གཞུང་གི་མདུན་དུ་མི་དམངས་སྟོང་ཕྲག་གསུམ་ཙམ་འདུ་འཛོམས་ཀྱིས་ཞི་བའི་གོམ་བགྲོས་ཀྱིས་རྒྱ་ནག་གཞུང་ལ་མུ་མཐུད་ནས་ངོ་རྒོལ་བྱས་ཡོད་པ་རེད།
དེ་རིང་གསར་འགྱུར་བརྒྱུད་ལམ་ཁག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྫོགས་ཆེན་ཁུལ་གྱི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་རྡུང་རྡེག་གི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་བྱ་དགོས་པའི་དགོས་འདུན་བཏོན་་ཡོད་ཅིང༌། དོན རྐྱེན་དེ་བྱུང་རྐྱེན་སྐོར་ལ་བཙན་བྱོལ་ནང་གི་འབྲེལ་ཡོད་གནས་ཚུལ་འབྱུང་ཁུངས་ནས་གསུང་ན། ཕྱི་ཟླ་བཞི་པའི་ཚེས་༢༢ རེས་གཟའ་ཉི་མ་ནས་ཚེས་༢༤ ལྷག་པ་བར་དུ་རྒྱ་མིའི་ཉེན་རྟོག་པ་བརྒྱ་ཙམ་རྫོགས་ཆེན་ས་གནས་སུ་ཡོང་སྟེ། དགོན་པ་དང་གྲོང་མི་གཉིས་ཀར་དྲག་གནོན་དང་ཉེས་རྡུང་ཚད་མེད་བཏང་ཡོད་ཀྱང༌། རྒྱ་ནག་གཞུང་གིས་དེ་ལྟར་དྲག་རྩུབ་ལག་བསྟར་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་གྱི་གནས་ཚུལ་ཁ་གསལ་མེད་པའི་སྐོར་གསུང་ཡོད་པ་མ་ཟད། སྐབས་དེར་རྒྱ་མིའི་ཉེན་རྟོག་པས་བོད་མི་འགའ་ཤས་ཤིག་ལ་ཚབས་ཆེའི་ཉེས་རྡུང་བཏང་བ་དང༌། མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཀྱང་ད་ལྟའི་ཆར་ཁོང་རྣམས་ཀྱི་གནས་སྟངས་དང། གང་དུ་དོ་དམ་བྱས་ཡོད་མེད་ཀྱི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པའི་སྐོར་གསུང་ཡོད་པ་རེད། གནས་ཚུལ་འབྱུང་ཁུངས་ཁག་གིས་གསུང་པར་གཞིགས་ན། རྒྱ་ནག་གཞུང་གིས་ཉིན་གསུམ་རིང་དྲག་གནོན་བྱས་པ་དེའི་རིང་ལ་བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པ་དང་མང་པོ་ཞིག་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་ཀྱང་གྲངས་ཀ་ངེས་གཏན་ཞིག་ཤེས་རྟོགས་མེད་པའི་གནས་སྟངས་བྱུང་ཡོད་པར་བརྟེན་ནས། རེས་གཟའ་ལྷག་པའི་ཉིན་རྫོག་ཆེན་ནང་ཆོས་སློབ་གཉེར་ཁང་གི་སློབ་མ་དང། རྫོགས་ཆེན་དགོན་པའི་དགེ་འདུན་པ། ཉེ་འཁོར་གྲོང་ཚོ་ཁག་གི་མི་དམངས་བཅས་ཁྱོན་བོད་མི་གསུམ་སྟོང་ཙམ་འདུ་འཛོམས་ཀྱིས། བོད་མི་ཚོར་དྲག་གནོན་དང་ཉེས་རྡུང་བཏང་བའི་བྱ་སྤྱོད་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་མ་ཟད། ཁོང་ཚོས་རྒྱ་ནག་གཞུང་གིས་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་བྱ་དགོས་པ་དང༌། བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་སྐད་འབོད་བྱས་ཡོད་ཅིང༌། རྫོགས་ཆེན་ཁུལ་གྱི་བོད་མི་ཚོས་ངོ་རྒོལ་བྱས་པའི་ཉིན་མོ་དེ་ཡང་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༣ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་སྟབས་འཁེལ་ཡོད་པ་རེད།