རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་གཏོང་རྒྱུའི་འབོད་སྐུལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་གཏོང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད་།
-
2008-05-13 -
-
-
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་གཏོང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་གནང་ཡོད་པ་རེད་།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཟའ་ཟླ་བའི་ཉིན་པོ་ལཱེན་ཌིའི་བརྙན་འཕྲིན་ཀྲི་ཝི་པི་༢ཞེས་པའི་བཅའ་འདྲིར་ལན་འདེབས་གནང་བའི་སྐབས་ རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་གཏོང་རྒྱུར་མཐུན་རྐྱེན་སྐྲུན་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་དང༌། ༸གོང་ས་མཆོག་ནས་ཉེ་ཆར་སྐུ་ཉིད་ཀྱི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་འབྲེལ་ལམ་བྱུང་ཡས་དེ་ཡང་རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་རྩེད་འགྲན་གྱི་དུས་བཀག་ལ་མ་སླེབས་སྔོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཐོག་འཛིན་པའི་ལྟ་སྟངས་ལ་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་ནས་ཕན་ཚུན་འབྲེལ་མོལ་བྱེད་ཡས་ཀྱི་གོ་སྐབས་བྱུང་ཡོད་པ་དང༌། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསར་འགོད་པ་ཚོ་བོད་ནང་གི་གནས་སྟངས་དངོས་གང་འདྲ་ཡོད་མེད་ལྟ་བར་གཏོང་རྒྱུར་མཐུན་རྐྱེན་སྐྲུན་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད་། ཡང་གསར་འགོད་པས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་གནང་ཡས་དེ་ནི་ཨོ་ལིམ་ཕིག་རྩེད་འགྲན་གྱི་གོང་ཕྱི་ཕྱོགས་སུ་གྲོས་མོལ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མཚོན་ཐབས་བྱེད་ཀྱི་ཡོད་པ་ཡིན་ནམ་ཡང་ན་ དངོས་གནས་རྒྱ་བོད་དབར་གྱི་དཀའ་གནད་དེ་སེལ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་མེད་སྐོར་བཀའ་འདྲི་ཞུ་དུས་ ༸གོང་ས་མཆོག་ནས་དེའི་སྐོར་ལན་འདེབས་བྱེད་ཡས་ད་ལྟ་སྔ་དྲག་པ་རེད་ཅེས་གསུང་བཞག རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་ཕྱི་ཟླ་ལྔ་པའི་ཚེས་༤ཉིན་རྒྱ་ནག་གི་ཧྲན་ཀྲན་ས་ཁུལ་ནང་འབྲེལ་མོལ་བྱུང་ནས་ཕྱོགས་གཉིས་དབར་མུ་མཐུད་ནས་འབྲེལ་ལམ་གྱི་སྒོ་མོ་ཕྱེ་རྒྱུའི་གྲོས་མཐུན་བྱུང་ལུགས་ཀྱི་གནས་ཚུལ་སྤེལ་འདུག།