བོད་ནང་གནས་སྟངས་རྟོག་ཞིབ་ཏུ་གཏོང་དགོས་པའི་འབོད་སྐུལ།
བོད་ལ་གཟིགས་སྐོར་ཕེབས་འཇུག་དགོས་ལུགས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་མུ་མཐུད་ནས་ཞུ་དགོས་པའི་སྐུལ་ལྕག
-
2011-12-13 -
-
-
༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་བྱེད་ཕྱིར་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་མི་སྣ་བོད་ལ་གཟིགས་སྐོར་ཕེབས་འཇུག་དགོས་ལུགས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་འགན་འཛིན་ལྕམ་ཨེཤི་ཀྲེན་མཆོག་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་མུ་མཐུད་ནས་ཞུ་དགོས་པའི་སྐུལ་ལྕག་གནང་འདུག་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཅེཀ་སྤྱི་མཐུན་གྱི་རྒྱལ་ས་པཱ་རའག་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་འགན་འཛིན་ལྕམ་ཁེ་ཐེ་རིན་ཨེཤི་ཀྲེན་མཆོག་ལ་གསུངས་འཕྲིན་ཞིག་སྩལ་གནང་མཛད་པའི་ནང་བོད་ནང་འ་ཆད་འུ་ཐུག་གི་གནས་སྟངས་ཡོད་རེད་ བོད་ནང་གི་དངོས་ཡོད་བདེན་པའི་གནས་སྟངས་ཁག་རྟོག་ཞིབ་བྱེད་ཕྱིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་སྐུ་ཚབ་འཐུས་མི་གཏོང་དགོས་པ་དེ་ནི་ཛ་དྲག་ཆགས་ཡོད་ དེས་རྒྱ་མིའི་དཔོན་རིགས་ཚོའི་ཐོག་སྟངས་འཛིན་ཐུབ་པའི་གནོན་ཤུགས་ཐེབས་རྒྱུ་ཡིན་ལུགས་བཀའ་གནང་བ་མ་ཟད་ གལ་ཏེ་རྒྱ་ནག་གཞུང་ངོས་ནས་ཡོ་རོབ་མཐུན་ཚོགས་ཀྱིས་འབོད་སྐུལ་ལ་ཁས་ལེན་མ་བྱས་ཚེ་ཡོ་རོབ་མཐུན་ཚོགས་ཀྱིས་བོད་ནང་གིས་གནས་སྟངས་སྐོར་ཐུགས་འཚབ་ཆེན་པོ་ཡོད་སྐོར་རྒྱལ་སྤྱིའི་སྡིངས་ཆ་དཔེར་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ནང་གླེང་དགོས་སྐོར་བཀའ་གནང་འདུག ཡང་༧གོང་ས་མཆོག་གིས་རྒྱ་ནག་དེ་བཞིན་སྟོབས་ཤུགས་ཆེན་པོ་ག་ཚོད་ཡོད་ན་ཡང་ རྒྱ་ནག་ནི་འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན་སྟབས་དེང་སྐབས་འཛམ་གླིང་ནང་རང་དབང་དང་མང་གཙོའི་ཐོབ་ཐང་ཆེ་བ་དགོས་པའི་ས་གོ་ལ་འདིའི་འགྱུར་ལྡོག་ནས་རྒྱ་ནག་མཐར་ཐུབ་རྒྱུ་མིན་ལུགས་ཀྱང་བཀའ་གནང་སྟེ་གང་ལྟར་རྒྱ་ནག་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་རུང་ དེང་སྐབས་བྱང་ཨ་ཕེ་རི་ཀ་དང་ཨ་རབ་ཡུལ་གྲུ་ཁག་ནང་དཔྱིད་ཀའི་གསར་བརྗེ་བྱུང་བ་མཚུངས་པར་རྒྱ་ནག་ནང་ལ་ཡང་གསར་བརྗེའི་ལས་འགུལ་དེ་རིགས་ཡོང་མི་སྲིད་པ་མིན་སྐོར་བཀའ་གནང་འདུག