༸གོང་ས་མཆོག་བོད་གཞུང་འཛིན་སྐྱོང་མཛད་འགན་ནས་བགྲེས་ཡོལ་ཕེབས་སྲིད།
༧གོང་ས་མཆོག་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་ཕྱག་ལས་ཀྱི་མཛད་འགན་ཁག་ནས་བགྲེས་ཡོལ་དུ་ཕེབས་སྲིད་པ་ཡིན་འདུག
-
2010-11-23 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་ཕྱག་ལས་ཀྱི་མཛད་འགན་ཁག་ནས་བགྲེས་ཡོལ་དུ་ཕེབས་སྲིད་པ་ཡིན་འདུག འོན་ཀྱང་བོད་མིའི་དབུ་འཁྲིད་དང་བདེན་དོན་འཐབ་རྩོད་ཀྱི་དབུ་འཁྲིད་ལམ་སྟོན་མུ་འཐུད་གནང་རྒྱུར་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་པ་རེད།
ཕྱི་ལོ་༢༠༠༡ལོར་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་འཁྲིད་བཀའ་བློན་ཁྲི་པ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་ཞུ་རྒྱུའི་ལས་དོན་འགོ་བཙུགས་པ་ནས་བཟུང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་གཞུང་གི་འཛིན་སྐྱོང་གི་མཛད་འགན་ཁག་ནས་ཕྱེད་བགྲེས་ཡོལ་དུ་ཕེབས་པ་ལྟ་བུ་ཡིན་པ་ལན་མང་བཀའ་གནང་ཡོད་པ་དང་ ལོ་ཤས་གོང་ནས་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གིས་ མགོན་པོ་གང་ཉིད་འཛིན་སྐྱོང་གི་ཕྱག་ལས་མཛད་འགན་ཁག་ནས་ཡོངས་སུ་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་བཞེས་གནང་གི་ཡོད་པ་ཡང་ལན་མང་བཀའ་གནང་ཡོད་པ་རེད།
དཔལ་ལྡན་༧སྐུ་སྒེར་ཡིག་ཚང་གི་ཟུང་དྲུང་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་ཕེརནསི་གསར་ལས་ཁང་ལ་འདས་པའི་ཟླ་བ་འགའ་ཤས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོངས་སུ་བགྲེས་ཡོལ་དུ་ཕེབས་རྒྱུའི་གནད་དོན་སྐོར་བཙན་བྱོལ་བོད་མིའི་གྲོས་ཚོགས་སུ་གསལ་བཤད་གནང་རྒྱུའི་དགོངས་བཞེས་གནང་གི་ཡོད་པ་བདེན་པ་ཡིན་ན་ཡང་ དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་དབུ་འཁྲིད་ནས་ཀྱང་བགྲེས་ཡོལ་དུ་ཕེབས་རྒྱུ་ཡིན་པར་རྩ་བ་ནས་གོ་རྒྱུ་མེད་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་དུས་རྟག་ཏུ་བོད་མིའི་དབུ་འཁྲིད་དུ་ཞུགས་རྒྱུ་ཡིན་པ་ནི་རྩོད་མེད་རེད་ཅེས་གསུངས་འདུག།
རྗེས་ལོའི་ཕྱི་ཟླ་གསུམ་པའི་ནང་གྲོས་ཚོགས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛིན་སྐྱོང་གི་མཛད་འགན་ཁག་ནས་ཡོངས་སུ་བགྲེས་ཡོལ་དུ་ཕེབས་རྒྱུའི་གསལ་བཤད་གྲུབ་པའི་རྗེས་ཀྱི་ཟླ་བ་དྲུག་གི་ནང་ ད་ལྟ་མཛད་འཁུར་བཞེས་བཞིན་པ་དེ་དག་རྩིས་སྤྲོད་གནང་རྒྱུའི་ལས་རིམ་འགོ་འཛུགས་གནང་རྒྱུར་དགོངས་པ་བཞེས་བཞིན་ཡོད་འདུག།
འོན་ཀྱང་འདི་དག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ད་ལྟ་དགོངས་བཞེས་གནང་བཞིན་པའི་གནས་ཚུལ་ཞིག་ཡིན་པ་ལས་ ཡོངས་སུ་གཏན་འཁེལ་ཐག་གཅོད་ཟིན་པ་གང་ཡང་མིན་པ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་འགྲེལ་བརྗོད་གནང་འདུག།