༸གོང་ས་མཆོག་ནས་ཀོ་རི་ཡའི་ཆོས་ཞུ་བ་ཚོར་བཀའ་ཆོས།
༧གོང་ས་མཆོག་གི་གསུང་ཆོས་སུ་བཅར་མཁན་གྱི་ཁོངས་སུ་ཡུལ་གྲུ་འདྲ་མིན་ལྔ་བཅུ་ཙམ་གྱི་མི་རིགས་ཡོད་པ་རེད།
-
2011-10-25 -
-
-
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ཉིན་གྲངས་གསུམ་རིང་ལྷོ་ཀོ་རི་ཡ་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་འགའ་ཤས་ལ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས་མཛད་པའི་ལམ་རིམ་ཆེན་མོའི་ནང་ཚན་ཞི་གནས་དང་ལྷག་མཐོང་ཆེན་མོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་ཡོད་པ་རེད།
འདས་པའི་ལོ་མང་རིང་བཞུགས་སྒར་རྡ་རམ་ས་ལར་ ཐེ་ལྦན་དང་། ར་ཤི་ཡ་། ལྦིཡེཏ་ནམ། ལྷོ་ཤར་ཨེ་ཤི་ཡ་སོགས་ཡུལ་གྲུ་འདྲ་མིན་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུ་བར་བཅར་བཞིན་པ་ལྟར། ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་འབོར་ཆེན་ཞིག་ཀྱང་དེ་མཚུངས་བཅར་བཞིན་ཡོད་ལ། བཞུགས་སྒར་རྡ་རམ་ས་ལ་རང་དུ་གཏན་སྡོད་བོད་ཀྱི་ནང་ཆོས་དང་སྐད་ཡིག་ རིག་གཞུང་སློབ་སྦྱོང་བྱེད་མཁན་ཀོ་རི་ཡའི་གཞོན་ནུ་གང་ཙམ་ཡོད་པར་མ་ཟད། ནང་ཆོས་གོ་རྟོག་ཀྱི་གནས་ཚད་མཐོ་ལ་ ཀོ་རི་ཡ་དང་བོད་སྐད་གཉིས་ཀ་ཤེས་མཁན་གྱི་སློབ་ཕྲུག་གི་ཁོངས་ནས་གསུང་བསྒྱུར་ཚད་ཐུབ་ཞུ་ཐུབ་མཁན་ཡང་འགའ་རེ་ཡོད་པ་རེད།
ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་ཆེན་མོའི་ནང་གི་ཞི་གནས་དང་ལྷག་མཐོང་ཆེན་མོའི་གསུང་ཆོས་སུ་བཅར་མཁན་གྱི་ཁོངས་སུ་ཡུལ་གྲུ་འདྲ་མིན་ལྔ་བཅུ་ཙམ་གྱི་མི་རིགས་ཡོད་པ་རེད།