༸གོང་ས་མཆོག་ནས་གསར་འགོད་པའི་དྲི་བར་ལན་འདེབས་མཛད་སྐོར།
བོད་མི་མང་པོ་ཞིག་ལ་༸གོང་ས་མཆོག་གི་དབུ་མའི་ཐབས་ལམ་གྱི་ཐད་ལ་ཡིད་ཆེས་བརླག་འགྲོ་ཡི་ཡོད་སྐོར་༸གོང་ས་མཆོག་གིས་གསུངས་འདུག
-
2008-05-27 -
-
-
༄༅༎རྒྱ་བོད་དབར་གྱི་གྲོས་མོལ་དེ་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་རྒྱུར་གྲུབ་འབྲས་དོན་ཕན་ལྡན་པ་ཞིག་མ་བྱུང་ཚེ་བོད་མི་མང་པོ་ཞིག་ལ་༸གོང་ས་མཆོག་གི་དབུ་མའི་ཐབས་ལམ་གྱི་ཐད་ལ་ཡིད་ཆེས་བརླག་འགྲོ་ཡི་ཡོད་སྐོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་དཔལ་འབྱོར་དུས་བབ་གསར་ཤོག་ལ་བཀའ་མོལ་གནང་བའི་ནང་གསུངས་གནང་འདུག
བོད་མི་ཚོས་༸གོང་ས་མཆོག་གི་བཀའ་བརྩི་དང་ལེན་ལ་ཉམས་ཆགས་ཡོང་གི་ཡོད་པ་ཚོར་གྱི་ཡོད་དམ་ཞེས་དཔལ་འབྱོར་དུས་བབ་གསར་འགོད་པས་བཀའ་དྲིའི་བཀའ་ལན་དུ་སྤྱི་ནོར་༸གོང་ས་མཆོག་གིས་དེ་ནི་རང་བཞིན་གྱི་ཡོང་གི་ཡོད་པ་དང་ངའི་འབད་བརྩོན་ལ་དོན་འབྲས་གསོན་གྱི་མེད་པར་སོང་བོད་མི་ཚོའི་ཁྲོད་སྐྱོན་བརྗོད་བྱེད་མཁན་དེ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་དངོས་ཡོད་རེད་ཅེས་བཀའ་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཉེ་ལམ་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ལ་དྲག་གནོན་ཤུགས་ཆེ་བྱས་པའི་རྗེས་རྒྱལ་སྤྱིའི་ནང་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་པ་དང་རྒྱལ་སྤྱིའི་གནོན་ཤུགས་ཀྱི་འོག་རྒྱ་ནག་གཞུང་གིས་ཕྱི་ཟླ་༥པའི་ཚེས་༤ཉིན་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་ལྷན་ཛ་དྲག་དཀའ་ངལ་སེལ་ཆེད་ཉིན་གཅིག་ལྷན་ཚོགས་ཤིག་གནང་ཡོད་པ་དང་རྒྱ་བོད་སྐུ་ཚབ་ཀྱི་དབར་བོད་ཀྱི་ཆབ་སྲིད་དཀའ་ངལ་སེལ་ཆེད་འཆར་ཟླའི་ཕྱི་ཟླ་༦པའི་གཟའ་འཁོར་གཉིས་པའི་ནང་འབྲེལ་མོལ་ཐེངས་༧ པ་གནང་འཆར་ཡོད་སྐོར་གོང་ཞུས་གསར་ཤོག་དེས་གནས་ཚུལ་སྤེལ་ཡོད་པ་རེད། དེ་ཡང་བོད་རྒྱ་འབྲེལ་མོལ་གྱི་ཐད་དཔལ་འབྱོར་དུས་བབ་གསར་ཤོག་གིས་༸སྤྱི་ནོར་༸གོང་ས་མཆོག་ལ་ཐུགས་རེ་ཇི་ཙམ་གནང་གི་ཡོད་མེད་བཀའ་དྲིས་ཞུས་པར་༸སྤྱི་ནོར་༸གོང་ས་མཆོག་གིས་གྲོས་མོལ་དེ་བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་སེལ་ཐབས་ཆེད་ཡིན་ནམ་ཡང་ན་ཨོ་ལིམ་ཕིམ་གི་རྩེད་འགྲན་གོ་སྒྲིག་དང་འབྲེལ་ཆབ་སྲིད་ཀྱི་གྲོས་མོལ་ཞིག་ཡིན་ནམ་གནད་དོན་དེ་གཉིས་ཇི་ཡིན་ཆ་མ་གཏོགས་པ་ཞིག་གྱུར་ཡོད་ཅེས་བཀའ་གནང་ཡོད་པ་རེད༎