༸གོང་ས་མཆོག་པོའོ་ལེནདྲ་ནང་མཛད་འཕྲིན་བསྐྱངས་བཞིན་པ།
2008.12.08
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོའོ་ལེནདྲ་ཡུལ་གྱི་ཕྱི་ལོ་༡༩༨༠ནང་གི་དམར་པོའི་གཞུང་ཕྱོགས་ལ་ཐབས་རྩོད་ཀྱི་ལས་འགུལ་དེར་ཡིད་སྨོན་ཡོད་སྐོར་བཀའ་གནང་ཡོད་པ་རེད།
༸གོང་ས་མཆོག་གི་གོང་ཞུས་ཀྱི་བཀའ་མོལ་དེ་རེས་གཟའ་ཟླ་བ་ཉིན་གང་ཉིད་ལ་པོའོ་ལེནདྲ་གྱི་ཧེ་གིལ་ལོ་ནིཡེན་ཞེས་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་མཁས་དབང་གི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་སྐབས་བཀའ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་གོང་ཞུས་ཕྱག་འཁྱེར་དེས་རྒྱུ་མཚན་གཉིས་ཀྱི་ཐོག་ནས་གུས་བཀུར་འོས་པ་ཞིག་གཟིགས་ཀྱི་ཡོད་སྐོར་དང་དེ་ཡང་ཧེ་གིལ་ལོ་ནིཡེན་ཞེས་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དེ་པོའོ་ལེནདྲ་ཡུལ་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་རྙིང་ཤོས་དེ་ཡི་ནཔ་དང་ཡུལ་དེའི་མི་མང་རྣམས་༸གོང་ས་མཆོག་གི་ཐུགས་ནང་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་སྐོར་བཀའ་གནང་འདུག
ཡང་༸གོང་ས་མཆོག་གིས་༡༩༨༠ནང་པོའོ་ལེནདྲ་མི་མང་གིས་ཞི་བའི་ཐོག་ཆིག་སྒྲིལ་ཞེས་པའི་སྒྲིག་འཛུགས་དེའི་འོག་ཡུལ་གྱི་དམར་པོའི་གཞུང་དེ་མེད་པ་བཟོ་ཐུབ་གནང་བ་དེར་ཡིད་སྨོན་ཡོད་སྐོར་བཀའ་གནང་འདུག ༸གོང་ས་མཆོག་གིས་མུ་མཐུད་ནས་དེ་སྔོན་པོའོ་ལེནདྲ་གྱི་ཆིག་སྒྲིལ་ལས་འགུལ་དེ་ཇི་འདྲ་ཡོང་གི་ཡོད་མིན་སྐོར་ཉིན་ལྟར་སྦི་སྦི་སི་རླུང་འཕྲིན་གསན་པ་དང་པོའོ་ལེནདྲ་ཡུལ་མིའི་སྙིང་སྟོབས་ནས་སློབ་གསོ་ལེན་རྒྱུ་མང་པོ་ཡོད་སྐོར་བཀའ་གནང་འདུག དེ་བཞིན་༸གོང་ས་མཆོག་གིས་པོའོ་ལེནདྲ་ཡུལ་ནས་ཡིན་པའི་ཡེ་ཤུའི་བླ་ཆེན་འདས་པོ་པོབ་ཇོན་པོལ་གཉིས་པ་མཆོག་དང་ཐུགས་འདྲིས་ཉེ་པོ་དང་ཁོང་ལ་ཡིད་སྨོན་དང་གུས་བཀུར་ཡོད་སྐོར་བཀའ་གནང་འདུག
༸གོང་ས་མཆོག་གི་པོའོ་ལེནདྲ་ཡུལ་ནང་གི་མཛད་འཕྲིན་དེ་ཉིན་བརྒྱད་རིང་བསྐྱངས་གནང་རྒྱུ་ཡིན་པ་དང་དེ་རིང་ཉིན་གཉིས་པ་དེ་ཆགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག