༧གོང་ས་མཆོག་གིས་ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་བཀའ་ཆོས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྨད་གྲྭ་ཚང་གི་གཙུག་ལག་ཁང་ནང་གསུང་ཆོས་སྩལ་གནང་བ།

༄༅།།ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གི་གཙུག་ལག་ཁང་ནང་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ལྔ་བརྒྱ་ཙམ་དང་གྲྭ་ཚང་དེའི་དགེ་འདུན་པ་གཞིས་ཆགས་མི་མང་། དེ་བཞིན་ཉེ་འཁོར་ཕྱོགས་མཐའ་ཁག་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་དཔལ་གསང་བ་འདུས་པའི་རིམ་ལྔའི་འགྲེལ་པའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད་པ་རེད།
ཕྱི་ཚེས་་༥ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ ཁྱེད་ཚོ་བོད་ནས་ཕེབས་མཁན་རྣམས་ལ་སོ་སོའི་ལུང་པའི་ནང་ཕྱིའི་ལྟ་སྣང་ཙམ་མ་གཏོགས་དོན་དམ་གྱི་ཐོག་ཆོས་ཞུ་རྒྱུའི་རང་དབང་མེད། ཆོས་ཕྱོགས་དང་འབྲེལ་བའི་བྱ་བ་ཞིག་བརྩམས་ཚེ་བོད་མི་རིགས་ཀྱི་ཞེན་ཁོག་བྱེད་པར་ངོས་འཛིན་གྱིས་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་ཁ་དཀྲི་བྱས་ཏེ་ ཆོས་བྱེད་པ་ཚོའི་ཐོག་ཆེད་མངགས་དམ་བསྒྲགས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོ་བོད་ནས་ཕེབས་མཁན་ཚོར་ཡང་ཡང་སངས་རྒྱས་ཀྱི་ཆོས་ ཉན་རྒྱུའི་གོ་སྐབས་ཐོབ་ཀྱི་མེད། འོན་ཀྱང་ཁྱེད་རང་ཚོས་དཀའ་ལས་བརྒྱབ་སྟེ་འདིར་ཡོང་བ་དེར། དམིགས་བསལ་གྱི་འཚམས་འདྲི་དང་དགའ་བསུ་ཡོད་ཅེས་བཀའ་གནང་པ་དང་ ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཁྱེད་རང་ཚོ་ཁྱུག་ཙམ་རིང་རང་དབང་ལུང་པའི་ནང་སླེབས་པ་དང་ སྐབས་འདིའི་་བཀའ་ཆོས་འདི་ཡང་གསང་བ་འདུས་པའི་རིམ་ལྔའི་སྐོར་ལ་ཤོད་རྒྱུ་རེད། སངས་རྒྱས་ཀྱི་གོ་འཕངས་སྒྲུབ་རྒྱུའི་མཐར་ཐུག་ཉམས་ལེན་གྱི་གནད་དེ་དག་རིམ་ལྔའི་ནང་གསུངས་པར་མ་ཟད། འཆད་ཉན་བྱེད་ཡུལ་གྱི་གནས་འདི་ཡང་གསང་བ་འདུས་པ་འཆད་ཉན་གཙོ་བོ་གནང་མཁན་སྨད་རྒྱུད་གྲྭ་ཚང་འདི་ཡིན་པར་བརྟེན་ངོས་རང་ལ་ཡང་་གོ་སྐབས་བྱུང་བ་དེར་སྐལ་བ་བཟང་པོ་ཡིན་ཞེས་བཀའ་སློབ་ཕེབས་ཡོད་ལ་གཞན་ཡང་ནང་ཆོས་སློབ་སྦྱོང་བྱས་ཏེ་ཆོས་ཤེས་པའི་ཐོག་ནས་དད་པ་ཐོབ་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་ནན་པོ་ཕེབས་ཞིང༌། སེར་སྐྱ་ཕོ་མོ་ཚང་མས་ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང༌། ལྷག་པར་བཙུན་མའི་དགོན་པ་ཚོས་ཀྱང་མཚན་ཉིད་ཀྱི་དཔེ་ཆ་ལྟ་དགོས་པ་རེད་ཅེས་བརྗོད་ནས་ད་ཆ་ལོ་སུམ་ཅུ་བཞི་བཅུ་ཙམ་ཕྱིན་ཚར་ཞིང༌། བཙུན་དགོན་འགའ་ཤས་ཀྱི་ནང་གཞུང་ཆེན་བཀའ་དཔོད་ལྔར་སློབ་གཉེར་བྱས་སྟེ་རིང་མིན་དགེ་བཤེས་མ་ཡང་ཐོན་པའི་དུས་སུ་སླེབས་ཡོད་པ་དེ་དག་ནི་ངོས་ནས་སྔ་རྗེས་འབོད་སྐུལ་རིམ་པ་བྱས་པའི་ལག་རྗེས་ཞིག་ཡིན་པར་ཡིད་ཆེས་གནང་གི་ཡོད་ཅེས་བཀའ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org