༧གོང་ས་མཆོག་གིས་ཉིན་གཉིས་ཀྱི་གསུང་ཆོས་གྲུབ་པ།

༸གོང་ས་མཆོག་གིས་ལྦིཏ་ནམ་དད་ལྡན་ཆོས་ཞུ་བ་གཙོས་པའི་ཕྱི་ནང་དད་ལྡན་པ་མང་པོ་ཞིག་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་གནང་གྲུབ།

༄༅༎ལྦིཏ་ནམ་ནང་པའི་དགེ་འདུན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གཉིས་རིང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་སྤྱན་རས་གཟིགས་ཀྱི་རྗེས་སྣང་གི་བཀའ་ཆོས་གནང་བ་དེ་རིང་གྲུབ་པ་ཡོད་པ་རེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྦིཏ་ནམ་དད་ལྡན་ཆོས་ཞུ་བ་གཙོས་པའི་ཕྱི་ནང་དད་ལྡན་པ་མང་པོ་ཞིག་ལ་ཕྱི་ཚེས་༢༨ ནས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་བཙུགས་གནང་སྟེ། ཕྱི་ཚེས་༢༩ བཀའ་ཆོས་ཉིན་མཐའ་མ་མཇུག་བསྒྲིལ་གནང་བ་དང༌། འབྲེལ་ཡོད་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ད་རེས་ཉིན་གཉིས་ཀྱི་བཀའ་ཆོས་ཞུ་བར་བཅར་མཁན། ཁྱོན་མི་དམངས་ལྔ་སྟོང་ཙམ་བྱུང་བའི་ནང་ནས། ལྔ་བརྒྱ་ནི་ལྦིཏ་ནམ་དད་ལྔན་ཆོས་ཞུ་བ་དང༌། ཕྱི་རྒྱལ་བ་༧༡༩དགེ་འདུན་དང་བཙུན་མ་གྲངས་ཆིག་སྟོང་བཞི་བརྒྱ་ལྷག་དང༌། མི་དམངས་ཆིག་སྟོང་ལྔ་བརྒྱ་ཙམ་བྱུང་ཡོད་པ་གསུང་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་སྐད་ཐོག་ནས་བཀའ་ཆོས་གནང་བའི་སྐབས། ཐད་ཀར་སྐད་ཡིག་གཞན་དུ་གསུང་བསྒྱུར་ཞུ་གི་ཡོད་པ་ནི། ལྦིཏ་ནམ་སྐད་ཡིག་ཐོག་ཐད་ཀར་གསུང་བསྒྱུར་ཞུ་བ་དང༌། དེ་བཞིན་ཕྱི་རྒྱལ་ཆོས་ཞུ་བ་གཞན་ཚོར་རླུང་འཕྲིན་ཐོག་ནས་ཐད་ཀར་དབྱིན་སྐད་དང་རྒྱ་སྐད། ཀོ་རི་ཡ། སི་པེན། ར་ཤི་ཡ་སོགས་སོ་སོའི་སྐད་ཡིག་ཐོག་གསན་རྒྱུ་ཡོད་པ་རེད། དེ་རིང་སྔ་དྲོའི་བཀའ་ཆོས་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ཞུ་བ་ཚོར་སྤྱན་རས་གཟིགས་ཀྱི་རྗེས་སྣང་སྩལ་བའི་སྐབས་བཀའ་སློབ་ཕེབས་དོན། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ལས་རྣམས་དག་པར་བྱེད་པའི་བློ་སྐྱེས་ཏེ། སེམས་རྒྱུད་གཙང་མ་འགྱུར་ན། སེམས་ཀྱི་དོགས་པ་རྣམ་རྟོག་སོགས་མི་དགེ་བའི་ལས་མཐའ་དག་མེད་པར་འགྱུར་རྒྱུ་ཡིན་པའི་བཀའ་སློབ་གནང་བ་དང༌། ལྷག་པར་དུ་སེམས་རྒྱུད་ཀྱི་ཁོང་ཁྲོ་དང་ང་རྒྱལ་སྤོང་བའི་བློ་སྦྱོང་སྟངས་སྐོར་ལ་བཀའ་ཕེབས་པའི་སྐབས། གལ་ཏེ་རང་ཉིད་ལ་མི་གཞན་ཞིག་གིས་ཁོང་ཁྲོ་བསླངས་ཡོད་ན། ཁོང་ཁྲོ་སློང་མཁན་གྱི་མི་དེའི་ཐོག་ལྟ་སྟངས་ནི་མཐའ་ཅིག་ཏུ་སྡུག་པོ་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། འོན་ཀྱང་མི་དེ་ཡག་པོ་མེད་པའི་ཞེ་འཁོན་གྱི་བསམ་བློ་བརྒྱ་ཆ་དགུ་བཅུ་ནི་རང་ཉིད་ཀྱི་འཆར་སྣང་ཁོ་ནས་བྱུང་བ་ཞིག་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org