༧གོང་ས་མཆོག་གིས་ཉི་ཧོང་དུ་བཀའ་སློབ་སྩལ་བ།
༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཀྲོ་ཀི་ཡོའི་ནང་ཉི་ཧོང་དང་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་༥༠༠༠བརྒལ་བར་བཀའ་སློབ་སྩལ་འདུག
-
2011-10-31 -
-
-
༄༅༎ཁ་ས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཀྲོ་ཀི་ཡོའི་ནང་ཉི་ཧོང་དང་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ ༥༠༠༠ བརྒལ་བར་འཛམ་གླིང་གི་མི་རྣམས་ཀྱིས་ཉམས་སུ་མྱོང་བཞིན་པའི་དཀའ་རྙོག་ཁག་གི་རྒྱུ་དང་རྐྱེན་ག་རེ་ཡིན་མིན་འཚོལ་རྒྱུ་དང་ དཀའ་ངལ་དེ་དག་ལ་ཁ་གཏད་གཅོག་རྒྱུའི་ཐབས་ལམ་འཚོལ་རྒྱུར་ཆོས་ལུགས་རིས་མེད་དང་ ཡ་རབས་བཟང་སྤྱོད་བརྒྱུད་སྤྱི་ཚོགས་ནང་བཅོས་བསྒྱུར་གཏོང་དགོས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་འདུག འཛམ་གླིང་ནང་མི་རྣམས་ཀྱིས་མྱོང་བཞིན་པའི་དཀའ་རྙོགས་ཁག་གི་རྩ་བའམ་རྒྱུ་གཙོ་བོ་ནི་ཡ་རབས་བཟང་སྤྱོད་དང་བྲལ་ཞིང་ རྒྱུ་འབྲས་ཀྱི་ཆོས་ཉིད་མ་ཚང་བ་ དྲང་བདེན་མེད་པ་ མདོར་ན་ དེང་དུས་ཀྱི་འཛམ་གླིང་ནང་ཁྱབ་གདལ་འགྲོ་བཞིན་པའི་རུལ་སུངས་ཀྱི་་ནད་ཡམས་ལ་ཐུག་གི་ཡོག་རེད་ཅེས་བཀའ་གནང་འདུག ང་རང་ཚོ་ཚང་མས་བག་ལྷོད་པོ་བྱེད་དགོས་པ་དང་ ངལ་གསོ་རྒྱབ་དགོས་ཡག་གནད་འགག་ཆེན་པོ་རེད་ཅེས་ཁ་ནས་ཤོད་ཀྱི་ཡོད་ནའང་སོ་སོའི་སེམས་ནང་མི་མཐུན་པའི་བསམ་བློ་འདྲ་མིན་སྣ་ཚོགས་ཀྱིས་ཁེངས་ནས་བསྡད་ཡོད་ཙང་ ཧ་ལས་པའི་རྐུབ་སྟེགས་བདེ་པོའི་སྒང་ལ་བསྡད་ཡོད་ནའང་ སེམས་ལ་ངལ་གསོ་ཐེབས་ཀྱི་ཡོད་པ་མ་རེད་ཅེས་བཀའ་གནང་འདུག་ སེམས་ནང་གི་དཀའ་རྙོགས་ཁག་ལ་གདོང་ལེན་བྱེད་འདོད་ན་ སློབ་གྲའི་སློབ་ཕྲུག་གི་དུས་སྐབས་ནས་སློབ་ཚན་བརྒྱུད་འགོ་བཙུགས་ཏེ་ སློབ་སྦྱོང་བྱས་པ་ཡིན་ན་ དེའི་བརྒྱུད་སེམས་ཀྱི་བཅོས་བསྒྱུར་གཏོང་ཐུབ་ཀྱི་རེད་ལ་ དེའི་བག་ཆགས་བརྒྱུད་སོ་སོའི་རྒྱུན་ལྡན་མི་ཚེ་སྐྱེལ་སྟངས་ཐད་ལ་ཕན་རླབས་ཡོང་ངེས་པ་རེད་ རང་གཞན་དང་ འཛམ་གླིང་སྤྱི་ལ་བལྟ་སྟངས་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་ཕྱིར་ སོ་སོའི་སེམས་ལ་ཞིབ་འཇུག་མཐར་ཕྱིན་པ་བྱེད་དགོས་ཀྱི་རེད་ཅེས་ཀྱང་ གོང་ས་མཆོག་གིས་ ཉི་ཧོང་དང་ ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཚོར་ལམ་སྟོན་གནང་འདུག།