༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་གསར་བསྐོ་གནང་འདུག

སེར་སྨད་མཁན་པོ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་འདུག

༧གོང་ས་མཆོག་གིས་སེར་སྨད་མཁན་པོ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་སུ་ཉེ་ལམ་རྡོ་རྗེ་གདན་དུ་མཇལ་ཁ་བསྩལ་སྐབས། ༡༢།༢༠༢༣ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་༸ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་དགོངས་བཞིན། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ངོས་ནས་རྒྱ་གར་བྷིས་ཧར་མངའ་སྡེའི་ནང་ཆགས་པའི་གནས་མཆོག་རྡོ་རྗེ་གདན་དུ། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་(The Dalai Lama Centre For Tibetan and Indian Ancient Wisdom)ཞེས་པ་ཞིག་གསར་སྐྲུན་ཞུ་མུས་ཡིན་པ་དང་། སེར་སྨད་མཁན་པོ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ལྟེ་གནས་ཁང་དེའི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་འདུག
ཉེ་སྔོན་༢༠༢༣་ལོའི་སྤྱི་ཟླ་༡༢་ཚེས་༢༨་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སེར་སྨད་མཁན་པོ་དགེ་བཤེས་བཀྲ་ཤིས་ཚེ་རིང་མཆོག་ལ། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་འཁུར་འགན་བཞེས་ཡོང་བའི་ཕྱག་བྲིས་ཤིག་སྩལ་བའི་ནང་། ལས་གཞི་འདི་ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་འཕྲིན་ལས་ཀྱི་ཆ་ཤས་འཕགས་བོད་གཙོ་གྱུར་འཇིག་རྟེན་་སྤྱི་ཡོངས་ལ་དོན་སྨན་ཆེ་བའི་ལས་གཞི་ཇི་སྲིད་ནམ་གནས་བར་རྒྱུན་སྐྱོང་དགོས་པ་ཞིག་ཡིན་སྟབས། ཐོག་མ་ནས་སྤྱི་ཁྱབ་འགན་འཛིན་ཤེས་འཇོན་གཉིས་ལྡན་ཞིག་དགོས་གལ་ཆེ་བར་བརྟེན། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཐུན་མོང་ནས་རྒྱུན་རིང་གོ་བསྡུར་དང་མྱང་ཞིབ་ཞུས་པའི་རྗེས་འབྲས་སུ། ༢༠༢༣་ལོའི་སྤྱི་ཟླ་༡༢ ཚེས་༦་ཉིན་འོས་མི་བརྒྱད་འཆར་འབུལ་ཞུས་པ་ལས། སེར་སྨད་མཁན་པོ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་སུ་ཕྱག་རྟགས་གསོལ་སྩལ་བྱུང་ཡོད་པ་འཁོད་འདུག་པ་མ་ཟད། དགེ་བཤེས་ལགས་ཀྱིས་གང་མྱུར་ལས་འཁུར་འགན་བཞེས་ཡོང་བའི་སྐུལ་མ་གནང་འདུག དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་དགེ་བཤེས་བཀྲིས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་འབྲེལ་བ་ཞུ་ཐབས་བྱས་ཀྱང་མཐུད་ཐུབ་མ་སོང་།
དེ་དང་ཕྱོགས་མཚུངས་དེ་སྔོན་༢༠༢༣་ཟླ་༡ཚེས་༣ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྨང་རྡོ་བཏིང་བའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ་ལྟེ་གནས་ཁང་དེ་ཉིད་ཀྱི་རྩིག་རྨང་འཇོག་གནང་མཛད་ཡོད་པ་མ་ཟད། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ཞི་བདེ་དང་འབྲེལ་བའི་ནང་པ་སངས་རྒྱས་པའི་ཆོས་ལ་ཚང་མས་དོ་སྣང་གིས། གོང་འཕེལ་ཡོང་ཐབས་ལ་འབད་བཞིན་པར་ཐུགས་རྗེ་ཆེ་གསུངས་གནང་མཛད་འདུག
༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་དེ་བཞིན་ཡོངས་སུ་ལེགས་འགྲུབ་ཟིན་རྗེས། གཙོ་བོ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་སློབ་གཉེར་དང་། ཉམས་ཞིབ། མཚུངས་བསྡུར། འབྲི་རྩོམ། དཔར་སྐྲུན། སྒོམ་སྒྲུབ་ཉམས་ལེན་དང་ཚོད་ལྟ་སོགས་དོན་གཉེར་བ་སོ་སོའི་གང་ལ་ཅི་འདོད་ཀྱི་ལས་དོན་སྒྲུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་འདུག


ད་རེས་ལྟེ་གནས་ཁང་དེ་ཉིད་ཀྱི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་བའི་སེར་སྨད་མཁན་པོ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ནི། སྤྱི་ལོ་༡༩༥༨ལོར་བོད་ཀྱི་ནུབ་ཕྱོགས་སྟོད་མངའ་རིས་སྤུ་ཧྲེང་ཁུལ་དུ་འཁྲུངས་ཤིང་། བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ། སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་། སྤྱི་ལོ་༡༩༩༠ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་དང་འབྲེལ་ནས་སྤྱི་་ལོ་༡༩༩༡ལོ་ནས་བཟུང་ཡོ་རོབ་དང་། བྱང་ཨ་མི་རི་ཀ དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་སོགས་ནང་བོད་བརྒྱུད་ནང་བསྟན་ཐད་སློབ་ཁྲིད་གནང་མུས་ཡིན་པའི་ཁར། སྤྱི་ལོ་༢༠༡༧ལོར་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་ཨེ་ཤེ་ཡ་དང་ཨ་ཧྥི་རི་ཀའི་ཐོག་གི་མི་རྒྱུད་དཔྱད་རིག་ཐོག་གཙུག་ལག་རབ་འབྱམས་ཀྱི་སློབ་མཐར་སོན་འདུག་པ་དང་། ཁོང་གིས་དབྱིན་ཡིག་ཐོག་(The Foundation of Buddhist Thought)་འམ་ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་ཞེས་པའི་ཕྱག་དེབ་པོད་༧ཙམ་བརྩམས་འདུག་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཐོག་༩༡པར་བསྐོ་གཞག་གི་བཀའ་ཡིག་ཕེབས་ཏེ་༢༠༡༨ལོའི་སྤྱི་ཟླ་༦པའི་ནང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་མཁན་པོའི་ཁྲི་འདོན་མཛད་སྒོ་ཚོགས་པ་ནས་བཟུང་། ད་བར་མཁན་པོའི་མཛད་འགན་བཞེས་མུས་ཡིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org