བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པའི་(Twitter)་དྲ་བྱང་ལ་སིམ་འཛུལ་གནོད་སྐྱོན་བཏང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱི་(Twitter)་དྲ་བྱང་ལ་སིམ་འཛུལ་གནོད་སྐྱོན་བཏང་འདུག་ཅིང་། ཁོང་གིས་དེ་ནི་རྒྱ་ནག་གཞུང་གིས་བྱས་ཡོད་སྲིད་པར་དོགས་པ་གནང་གི་འདུག
- 2022-01-18
-
-
-
Your browser doesn’t support HTML5 audio
སྤྱི་ཟླ་༡་པོའི་ཚེས་༡༧་ཉིན་རྒྱ་ནག་པེ་ཅིང་དུ་ཡོད་པའི་གསར་འགོད་པ་ཞིག་གི་མིང་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱི་(Twitter)་སྤྱི་ཚོགས་དྲ་བྱང་ཐོག་ཆ་རྒྱུས་མེད་པའི་དྲ་ཐག་(Link)་ཅིག་བཏང་ཡོད་པ་དེར་གནན་པའི་རྗེས་ཁོང་གི་དྲ་བྱང་ལ་སིམ་འཛུལ་གནོད་སྐྱོན་བཏང་འདུག་པ་དང་། ད་ལྟའི་ཆར་ཁོང་གི་(Twitter)་སྤྱི་ཚོགས་དྲ་བྱང་བེད་སྤྱོད་མེད་པ་གྱུར་འདུག དེ་ནི་རྒྱ་ནག་གཞུང་གིས་བྱས་ཡོད་སྲིད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་དེ་དང་ཕྱོགས་མཚུངས་དྲ་ལམ་སུམ་འཛུལ་གནོད་སྐྱོན་བཏང་བའི་གནས་ཚུལ་དེ་རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཟུར་པ་ལྕམ་(Nirupama Menon Rao)་ལགས་སུ་གཅིག་མཚུངས་བྱུང་ཡོད་པ་མ་ཟད། དྲ་ཐག་དེ་ནི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཡིན་ཁུལ་གྱིས་བཏང་བ་ཞིག་ཡིན་པ་ཁོང་མོས་(Twitter)་དྲ་ལམ་སྟེང་འཁོད་འདུག ལྕམ་(Nirupama MenonRao)་ལགས་རྒྱུན་དུ་བོད་དོན་གླེང་སློང་གནང་མཁན་རྒྱ་གར་གྱི་གནད་ཡོད་མི་སྣའི་གྲས་ཤིག་ཡིན་པ་རེད།
(Twitter)་ནི་འཛམ་གླིང་སྤྱི་ཡོངས་ལ་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲ་ལམ་ཆེ་ཤོས་གྲས་ཤིག་ཡིན་ཞིང་། ལྷག་པར་དུ་རྒྱལ་ཁབ་སོ་སོའི་གནད་ཡོད་མི་སྣ་དང་། ཆབ་སྲིད་པ། སྒྱུ་རྩལ་བ་སོགས་ཀྱི་ཁྲོད་དར་སྲོལ་ཆེ་བའི་སྤྱི་ཚོགས་བརྒྱུད་ལམ་ཞིག་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱི་ལོ་ངོ་༡༠་གོང་ནས་ཁོང་གི་(Twitter)་དྲ་ལམ་དེ་སྤྱོད་འགོ་ཚུགས་བ་ཞིག་ཡིན་པ་ཁོང་གིས་ངོ་སྤྲོད་གནང་བ་མ་ཟད། དེ་བརྒྱུད་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོ་ཞིག་དང་ལྷན་དུ་འབྲེལ་བ་ཞུ་ཡི་ཡོད་པ་གསུངས་བྱུང་།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཀྱི་(Computer)་གློག་ཀླད་རྩིས་འཁོར་སྡེ་ཚན་གྱི་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ལྟ་ཞིབ་པ་(MalwareAnalyst)་སྐུ་ཞབས་བསམ་གྲུབ་ཆོས་འཕེལ་ལགས་ཀྱིས། རྒྱུན་དུ་ནས་སོ་སོའི་ཁ་པར་དང་གློག་ཀླད་རྩིས་འཁོར་སོགས་བརྒྱུད་འབྲེལ་ཐག་ག་རེ་སླེབས་ཀྱང་། དེར་ཐད་ཀར་མ་གནན་པར་བརྟག་དཔྱད་གནང་དགོས་གལ་ཆེ་བའི་སློབ་སྟོན་གནང་གི་འདུག་ལ། ཁོང་གིས་གནས་ཚུལ་དེ་དག་མང་ཆེ་བ་(Phishing)་འམ་སྤྱི་ཚོགས་དྲ་ལམ་འཐབ་རྒོལ་གྱིས་མི་གཞན་གྱི་གནས་ཚུལ་རྐུ་འཁྱེར་བྱེད་ཐབས་ནས་འབྱུང་གི་ཡོད་པ་དང་། དེའི་ནང་ནས་གཙོ་བོ་སོ་སོ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་ཞིག་ཡིན་ཁུལ་གྱིས་འབྲེལ་ཐག་གཏང་བ་སོགས་བརྒྱུད་ནས་གཞན་གྱི་ཁ་པར་དང་ཀམ་པུ་ཀྲར་སོགས་འབྲེལ་མཐུད་ཅ་དངོས་སོགས་ལ་སུམ་འཛུལ་གནོད་སྐྱོན་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་བཏང་རྒྱ་ནག་གཞུང་གིས་རྒྱ་ནག་མི་སེར་ཚོར་ Twitter དང་ ངོ་དེབ་ Facebook སོགས་བེད་སྤྱོད་བྱེད་འཇག་གི་མེད་ཀྱང་། སྤྱི་ལོ་༢༠༢༡་ལོར་དབྱིན་ཡུལ་ཨོཀསི་ཧྥོརཌི་གཙུག་ལག་སློབ་ཆེན་གྱི་དྲ་ལམ་ཉམས་ཞིབ་ཚན་པས་རྒྱ་ནག་གི་གཞུང་འབྲེལ་འགོ་ཁྲིད་ཁག་དང་གསར་འགྱུར་རྒྱུད་ལམ་ཁག་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་ཁྱབ་སྤེལ་དང་། ཁྱོན་ཡོངས་ནས་བཀོལ་སྤྱོད་ག་འདྲ་གཏོང་གི་ཡོད་པའི་ཉམས་ཞིབ་སྙན་ཐོ་ཞིག་བཏོན་པའི་ནང་། (Twitter)་སྤྱི་ཚོགས་བརྒྱུད་ལམ་སྟེང་རྒྱ་ནག་གི་ཕྱི་འབྲེལ་མཐོ་རིམ་མི་སྣ་དང་། གཞུང་འབྲེལ་གསར་ལམ་ཁག་བཅས་ནས་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༦་པ་ནས་༢༠༢༡་གི་སྤྱི་ཟླ་༢་པའི་བར་ཁྱོན་རྒྱ་ནག་དམར་ཤོག་གཞུང་འབྲེལ་གྱི་གནས་ཚུལ་ཁག་ས་ཡ་༤་ཁྱབ་སྤེལ་བྱས་ཡོད་པ་གསལ་འདུག
གཞན་ཡང་ཕྱི་ལོ་༢༠༡༩་ཟླ་༩་ནང་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་མི་སེར་བརྟག་དཔྱད་ཁང་(The Citizen Lab)་དང་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(Tibetan Computer Emergency Readiness Team)་གཉིས་མཉམ་འབྲེལ་ཐོག་བོད་མི་ཚོར་གསང་མྱུལ་དྲ་འབུའི་སིམ་འཛུལ་གནོན་སྐྱོན་བཏང་ཡོད་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། དྲ་ལམ་སིམ་འཛུལ་གནོན་སྐྱོན་བཏང་སའི་ཁྲོད་དགའ་ལྡན་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་(Tibetan Human Rights Groups)་གི་གནད་ཡོད་མི་སྣ་ལ་ཐེངས་༡༥་ཙམ་ལ་ཆ་རྒྱུས་མེད་པའི་མི་ཞིག་ནས་(whatapp)་ནང་འབྲེལ་ཐག་བཏང་བ་བརྒྱུད་འཇབ་རྒོལ་བྱས་འདུག དྲ་ལམ་ཉེན་སྲུང་ཁང་གཉིས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། དྲ་འབུ་དེ་དག་གཙོ་བོ་དམིགས་ས་དེ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་ཡིན་པ་ཡང་ཤེས་རྟོགས་བྱུང་ཡོད་པ་སོགས་བཀོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།