དྲག་གནོན་ཆེད་གྲ་སྒྲིག

ཕྱི་ཟླ་༨ཚེས་༣ཉིན་ཁམས་ནག་ཆུ་ཁུལ་ནས་དམག་མིའི་རླངས་འཁོར་༢༠ ཙམ་ཤག་རོང་པོ་དགོན་པར་བསྐྱོད་ཡོད་པ་རེད།

ནག་ཆུ་ཤག་རོང་པོ་དགོན་པར་དྲག་གནོན་ཆེད་གྲ་སྒྲིག་བྱས་འདུག ངག་དབང་ཐར་པ།

༄༅།    ། ཕྱི་ཟླ་༨ཚེས་༣ཉིན་ཁམས་ནག་ཆུ་ཁུལ་ནས་དམག་མིའི་རླངས་འཁོར་༢༠ ཙམ་ཤག་རོང་པོ་དགོན་པར་བསྐྱོད་ཡོད་པ་དང་།    དེར་ཁྱོན་རྒྱ་དམག་གྲངས་༢༠༠ ཙམ་ཡོད་པ་དང་། དེའི་ནང་ལ་དམག་མི་དང་སྨན་པ་གཉིས་ཀ་ཡོད་པས་མ་ཚད། དེ་ནི་ཛ་དྲག་དམག་མིས་དགོན་པར་དྲག་གནོན་བྱ་རྒྱུ་གྲ་སྒྲིག་ཡོད་པ་རེད་འདུག
དེ་ཡང་བཞུགས་སྒར་དུ་གནས་བཞུགས་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན།    དགོན་པ་སྒོ་མ་བརྒྱབ་སྔོན་ནག་ཆུའི་འཆར་ཅན་རྟ་རྒྱུག་ཞེས་སྲིད་གཞུང་གིས་གོ་སྒྲིག་འོག   དབྱར་སྐྱིད་གཏོང་ལ་ཉེ་བའི་སྐབས་སུ། སྲིད་གཞུང་གི་མགྲོན་བརྡ་གཏང་བའི་སྟར་ཆེན་ཤང་གི་གཞས་དང་ཞབས་བྲོ་རྒྱག་མཁན་མི་ལྔ་བཅུ་དྲུག་ཅུ་སྐོར་ཙམ་ཡོད་ཀྱང་། ཁོང་ཚོས་ཕྱི་ཟླ་༧ ཚེས་༣༠ ཉིན་དགོན་པ་སྒོ་བརྒྱབ་པ་དང་། བླ་མ་དང་གྲྭ་པར་སུན་གཙེར་བྱས་པ་ཐོས་མ་ཐག ང་ཚོའི་བླ་མ་དགོན་པར་ཕེབས་མི་ཆོག་པ་དང་གྲྭ་པ་རྣམས་དགོན་པ་དང་ཁ་བྲལ་དགོས་བྱུང་འདུག ད་གང་གསོན་པོའི་སྐྱབས་འཇུག་ཞུ་ཡུལ་དང་། ཤི་བོའི་བསྔོ་རྟེན་ཕུལ་ས་མེད་པའི་གནས་སྐབས་སུ། ང་ཚོ་གཞས་དང་ཞབས་བྲོ་འཁྲབ་ཐབས་བྲལ་སོང་ཟེར་ནས། སྲིད་གཞུང་ལ་དགོངས་པ་ཞུས་ཀྱང་། སྲིད་གཞུང་གིས་བཤད་དོན། ཁྱེད་ཚོ་ངེས་པར་དུ་དབྱར་སྐྱིད་ལ་མཉམ་ཞུགས་དགོས་པས་མ་ཚད། གཞས་དང་ཞབས་བྲོ་གཏོང་དགོས་པ་དང་། བླ་མ་དང་དགོན་པའི་གནས་ཚུལ་དེ་ཚོ་ཉིན་ཤས་རྗེས་ནས་ཐག་ཆོད་འགྲོ་ཡི་རེད། དེ་ལྟར་མ་བྱས་པར་ཕྱིར་རང་ཡུལ་ལ་ལོག་ན། ཆབ་སྲིད་དང་འབྲེལ་བའི་ནག་ཉེས་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག
སོང་ཙང་ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱིས་སྲིད་གཞུང་ལ་སྤྱིར་བཏང་གཞས་དང་ཞབས་བྲོ་དང་། རྟ་རྒྱུག་མདའ་འཕེན་སོགས་ནི། དགའ་དགའ་སྐྱིད་སྐྱིད་ཀྱི་རྣམ་འགྱུར་ཞིག་ཡིན་པ་ལས།   ད་ཆ་འདི་ལྟ་བུའི་སྐབས་ལ་དེ་འདྲ་རྩ་བ་ནས་མི་ཡོང་ཞེས་བརྗོད་པ་དང་སྦྲགས།  མཛུབ་ཐེལ་བརྒྱབ་ནས་ནག་ཆུ་ནས་ཕྱིར་རང་ཡུལ་ལ་ལོག་ཡོད་འདུག
དགོན་པ་ཁ་སྔོན་བཞིན་སྒོ་བརྒྱབ་ཡོད་པའི་ཐོག  རྒྱ་གཞུང་གིས་ནག་ཆུའི་དབྱར་སྐྱིད་ནས་ཕྱིར་ལོག་མཁན་དེ་དག་ལ་སུན་གཙེར་དང་སྡིག་ར་སྐུལ་བཞིན་འདུག་ལ་ས་གནས་མང་ཚོགས་རྣམས་འཇིགས་སྣང་དང་དངངས་སྐྲག་བཅས་ཀྱི་ འོག་གནས་མུས་ཡིན་པ་རེད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org