བཀྲ་ཤིས་སྟོབས་རྒྱལ་ལ་པར་ལེན་གསར་འགོད་པ་རྩེ་ཕུད་ཀྱི་བྱ་དགའ།

རྒྱ་གར་གྱི་ཉིན་རེའི་གསར་ཤོག་གི་པར་ལེན་གསར་འགོད་པ་བཀྲིས་སྟོབས་ལགས་སུ་རྒྱལ་ཡོངས་པར་ལེན་གསར་འགོད་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ།

རྒྱ་གར་ཉིན་རེའི་གསར་ཤོག་གི་པར་ལེན་གསར་འགོད་པ་བཀྲིས་སྟོབས་ལགས་ཀྱི་ཉེ་པར། ༢༠༡༥ དྲ་བཤུས། IEO

རྒྱ་གར་གྱི་ཉིན་རེའི་གསར་ཤོག་གི་པར་ལེན་གསར་འགོད་པ་བཀྲིས་སྟོབས་ལགས་སུ་རྒྱལ་ཡོངས་པར་ལེན་གསར་འགོད་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ།
དེ་ཡང་ཚེས་༤རེས་གཟའ་ལྷག་པའི་ཉིན་(Press Council of India)འམ་རྒྱ་གར་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས། སྤྱི་ལོ་༢༠༡༥ལོའི་གསར་འགྱུར་ལས་རིགས་ནང་གཟེངས་སུ་ཐོན་པའི་བྱ་དགའ་བཞེས་མཁན་གྱི་གསར་འགོད་པའི་མཚན་གཞུང་གསལ་བསྒྲགས་གནང་ཡོད་པ་དང་། ལོ་འདིའི་བྱ་དགའི་ནང་། རྒྱ་གར་རྒྱལ་ཡོངས་ཐོག་པར་ལེན་གསར་འགོད་པ་རྩེ་ཕུད་ཀྱི་བྱ་དགའ་དེ་བོད་རིགས་བཀྲིས་སྟོབས་རྒྱལ་ལགས་སུ་ཐོབ་འདུག
ཁོང་ནི་རྒྱལ་ས་ལྡི་ལིར་རྟེན་བྱས་པའི་Indian Expressཉིན་རེའི་གསར་ཤོག་གི་པར་ལེན་གསར་འགོད་པ་ཡིན་ཞིང་། གནས་ཚུལ་ནང་གསལ་ལྟར་ན། དེ་སྔ་༢༠༡༤ལོར་རྒྱ་གར་གྱི་ཇ་མུ་ཀ་ཤེ་མི་རི་མངའ་སྡེ་ནང་། ཆུ་རླབས་རྐྱེན་པས་མི་ཤི་སྐྱོན་ཆགས་ཀྱི་གནས་ཚུལ་འཚབ་ཆེ་བྱུང་སྐབས། བཀྲིས་སྟོབས་རྒྱལ་ལགས་ཀྱིས་གོད་ཆགས་ཀྱི་གནས་ཚུལ་དེ་དག་ཉིན་གྲངས་༡༢བསྟུད་མར་པར་ལེན་གནང་སྟེ། གསར་ཤོག་ཐོག་བཀོད་སྤེལ་བྱས་པ་བརྒྱུད་རྒྱ་གར་རྒྱལ་ཡོངས་སུ་ ཀ་ཤེ་མི་རིའི་ནང་རང་བྱུང་ཆུ་རླབས་ཀྱི་གོད་ཆགས་དང་། མང་ཚོགས་ཁྲོད་དཀའ་སྡུག་ཆེན་པོ་འཕྲད་བཞིན་པའི་གནས་ལུགས་ཁ་གསལ་མངོན་པར་བྱས་པ་དེར་ངོས་འཛིན་བྱས་བ་ཡིན་འདུག
དེའི་སྐོར་ཕ་ཡུལ་དྲ་གནས་ཀྱིས་གནས་ཚུལ་བཀོད་པའི་ནང་། པར་ལེན་གསར་འགོད་པ་བཀྲིས་སྟོབས་ལགས་ནི་རྒྱ་གར་དར་རྒྱས་གླིང་གི་Sonadaས་ཁུལ་ནས་ཡིན་ཞིང་། ཆུང་དུས་ཁུལ་དེའི་ནང་ཡོད་པའི་St. Joseph North Pointསློབ་གྲྭར་འགྲིམ་ཞིང་། རྗེས་སུ་རྒྱ་གར་གྱི་Aligarhཁ་ཆེའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་མཐར་སོན་གནང་འདུག
ཁོང་ལ་རྒྱལ་ཡོངས་ཐོག་པར་ལེན་གསར་འགོད་པ་རྩེ་ཕུད་ཀྱི་བྱ་དགའ་གནང་རྒྱུའི་གནས་ཚུལ་དེ་བཞིན་ཁོང་གི་པར་ལེན་གྱི་ལས་དོན་ལ་ཆེས་བསྟོད་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང་། བྱ་དགའ་དེས་བོད་རིགས་ན་གཞོན་ཁྲོད་དང་དེ་བཞིན་དར་རྒྱས་གླིང་ཁུལ་གྱི་གཞོན་སྐྱེས་ཚོར་སེམས་འགུལ་འཕེལ་བའི་རེ་བ་ཡོད་ཅེས་ཕ་ཡུལ་དྲ་གནས་ཐོག་གསུངས་འདུག
གོང་གསལ་གྱི་བྱ་དགའ་འདི་བཞིན་ཕྱི་ཚེས་༡༦སྟེ་རྒྱལ་ཡོངས་གསར་འགྱུར་ལས་རིགས་ཀྱི་ཉི་མོ་སྲུང་བརྩིའི་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་འཛིན་Pranab Mukerjee་མཆོག་ནས་གསོལ་སྩལ་གནང་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org