ལིའུ་ཤའོ་ཕུའུ་བཙོན་ནས་གློད་འགྲོལ་གཏོང་དགོས་འབོད་སྐུལ།
2010.10.08
༄༅༎རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་རྩོམ་བྲིས་པ་དང་འགྲོ་བ་མའི་ཐོབ་ཐང་རྩོད་ལེན་གནང་མཁན་ལིའུ་ཤའོ་ཕུའུ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་དེ་རིང་ཐའེ་ལྦན་གྱི་དམངས་གཙོ་ཡར་རྒྱས་ཚོགས་པས་འབོད་སྐུལ་བྱས་ཡོད་པ་རེད།
དེ་རིང་ཐའེ་ལྦན་གོ་མིང་ཏང་གཞུང་འཛིན་ཚོགས་པའི་ཁ་གཏད་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཡིན་པ་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ང་ཚོས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཚོགས་ཀྱིས་ལིའུ་ཤའོ་ཕུའུ་གློད་བཀྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱེད་པ་དེར་བརྡ་ལན་ཞིག་སྤྲོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ལ། ལིའུ་ཤའོ་ཕུའུ་ཡི་ཐོབ་ཐང་ཁག་ལ་བརྩི་བཀུར་བྱས་ཏེ་ནོ་བེལ་ཞི་བདེའི་གཟིངས་རྟགས་བཞེས་པར་རང་དབང་སྤྲོད་དགོས་པའི་སྐོར་གསུང་ཡོད་པ་རེད། ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པ་དེ་ནི་རྒྱ་ནག་ནས་ཐའེ་ལྦན་རང་བཙན་རྩོད་ལེན་གནང་མཁན་ཡིན་ཞིང༌། ཁོང་ཚོས་རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་མཁན་གཞུང་འཛིན་གོ་མིང་ཏང་གི་ངོས་ནས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་གང་ཡང་མ་བྱས་པར་ཁ་ཁུ་སིམ་པོར་སྡོད་པ་དེར་སྐྱོན་བརྗོད་དང་ཁ་རྡུང་བཏང་མ་ཟད། གནས་སྟངས་དེ་ནི་ཐའེ་ལྦན་ནང་གི་དམངས་གཙོའི་ལམ་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཉེན་ཁའི་རང་བཞིན་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། ཐའེ་ལྦན་སྲིད་འཛིན་གྱི་མགྲིན་ཚབ་པའི་ཐོག་ནས་འདི་བྱས་དེ་མིན་གྱི་གནས་ཚུལ་གང་ཡང་ལན་འདེབས་བྱས་མེད་པ་རེད།