རྒྱ་ནག་གཞུང་གིས་ཐེ་ཝན་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་བཞིན་པ་དེའི་མཇུག་འབྲས་ཡག་པོ་མེད་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་དང་བོད་ཀྱི་གནད་དོན་ཐད་ལངས་ཕྱོགས་དང་རྣམ་འགྱུར་མཁྲེགས་པོ་འཛིན་བཞིན་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཇིགས་སྣང་བསླང་གི་ཡོད་པས་མཇུག་འབྲས་ཡག་པོ་ཡོང་གི་མ་རེད་ཅེས་སྲིད་དོན་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
- 2023-04-11
-
-
-
ཉེ་ལམ་ཚེས་༥ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Kevin McCarthy)་ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་ལགས་ཨ་རིར་ཕེབས་བ་དང་བསྟུན་ཨ་རི་ནས་མཇལ་འཕྲད་གནང་བ་དང་། ཚེས་༦ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Michael McCaul)་ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་ཉིན་གྲངས་གསུམ་རིང་གི་རྒྱལ་དོན་འཚམས་གཟིགས་གནང་བ་བཅས་ལ་མི་འདོད་པའི་རྣམ་འགྱུར་མཚོན་ཆེད། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་གི་མཐའ་འཁོར་དུ་དམག་སྦྱོང་དང་དམག་ངོམ་དྲག་རྩུབ་ལྡན་པ་ཞིག་བྱེད་བཞིན་པར། ཐེ་ཝན་གྱི་སྲིད་འཛིན་ཚའེ་ཡིས། རྒྱ་ནག་གི་དམག་སྦྱོང་དེས་ཐེ་ཝན་དང་ས་གནས་དེ་ཁུལ་གྱི་བརྟན་བརླིང་ལ་ཉེན་ཁ་བཟོ་བཞིན་པ་ནི། རྒྱ་ནག་གིས་ཞི་བདེ་བརྟན་བརླིང་ལ་འགན་མ་ཁུར་བའི་བྱ་སྤྱོད་ཅིག་རེད་ཅེས་རྒོལ་གཏམ་བཏང་འདུག
ཡོ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་སློབ་སྟོན་པ་དང་སྲིད་དོན་དབྱེ་ཞིབ་པ་(Zsuzsa Anna Ferenczy)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཐེ་ཝན་དང་བོད་ཀྱི་གནད་དོན་ཐད་ལངས་ཕྱོགས་དང་རྣམ་འགྱུར་མཁྲེགས་པོ་འཛིན་བཞིན་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ལ་འཇིགས་སྣང་བསླང་གི་ཡོད་པས་མཇུག་འབྲས་ཡག་པོ་ཡོང་གི་མ་རེད། རྒྱ་ནག་གཞུང་གིས་གཞན་སུས་ཀྱང་ཇུས་འཁྲི་བྱས་མི་ཆོག་པའི་གནད་དོན་སྙིང་པོ་ཁག་ནི། ཐེ་ཝན་དང་བོད། འགྲོ་བ་མིའི་ཐོབ་ཐང་གནད་དོན་བཅས་ལ་བརྩིས་ཏེ་ཧ་ཅང་གིས་ཚོར་བ་སྐྱེན་པོ་བྱེད་བཞིན་པ་མ་ཟད། ནམ་རྒྱུན་བོད་དང་ཐེ་ཝན་ལ་རྒྱབ་སྐྱོར་དང་ཡང་ན་དེ་འབྲེལ་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་རྣམ་འགྱུར་ཅིག་མཐོང་མ་ཐག པེ་ཅིང་གིས་རྟག་པར་ལངས་ཕྱོགས་བརྟན་པོ་དང་སྔར་ལས་ཀྱང་རྣམ་འགྱུར་མཁྲེགས་པོའི་ལམ་ནས་ལན་འདེབས་བྱེད་བཞིན་པ་ནི། རྒྱ་ནག་མི་མང་ཚོར་ཞི་ཅིན་ཕིན་ལ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གུས་བརྩི་ཡག་པོ་ཐོབ་ནས་དབང་ཤུགས་ཡོད་པར་མཚོན་པའི་བརྡ་ལན་བཏང་གི་ཡོད་པ་རེད་མོད། རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཇི་ཙམ་གནོན་ཤུགས་སྤྲད་པ་དེའི་ཚོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཇིགས་སྣང་བསླང་གི་ཡོད་པས་མཇུག་འབྲས་ཡག་པོ་མེད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་(The Taiwan Asia Exchange Foundation)་ཞེས་ཐེ་ཝན་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩའི་ཉམས་ཞིབ་པ་(Sana Hashmi)་ལགས་ནས་ཀྱང་། ཏོག་དབྱིབས་ནད་ཡམས་ཀྱི་སྔ་རྗེས་ནས་ཨ་མི་རི་ཀ་ཙམ་མིན་པར་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཇེ་མང་དུ་ཕྱིན་ཡོད་པ་དང་། ཐེ་ཝན་དང་རྒྱ་ནག་བར་གྱི་གནད་དོན་ནི་མང་གཙོ་དང་སྲིད་དབང་གཅིག་སྡུད་པའི་བར་གྱི་འཐབ་རྩོད་ཅིག་ཡིན་པས། ད་ཆ་བོད་དང་ཡུ་གུར་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གྱི་གནས་སྟངས་གླེང་མཁན་དང་། རྒྱབ་སྐྱོར་ཤུགས་ཆེ་ཡོང་གི་མེད་ནའང་། ཐེ་ཝན་གྱི་རྒྱབ་སྐྱོར་དུ་ལངས་པའི་རྒྱལ་ཁབ་ཚོ་རིམ་པས་བོད་དང་ཡུ་གུར་གྱི་རྒྱབ་ཏུའང་ལངས་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་ལགས་སྤྱི་ལོ་༢༠༡༦ལོར་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ནས། རྒྱ་ནག་གཞུང་གིས་ཐེ་ཝན་ལ་གནོན་ཤུགས་སྤྲོད་འགོ་བཙུགས་ཡོད་པ་མ་ཟད། སྔ་ལོའི་སྤྱི་ཟླ་༨པའི་ནང་། སྐབས་དེའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་དངོས་སུ་འཚམས་གཟིགས་གནང་སྐབས་ཀྱང་། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེར་བྱས་ནས་རྒོལ་གཏམ་སྤེལ་བ་དང་། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཞིང་ཆེན་ཞིག་ཡིན་པར་བཤད་ནས། ཐེ་ཝན་མཚོ་ཁུལ་དུ་མཁའ་མཚོ་གཉིས་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱས་ཡོད་པ་རེད། སྐབས་དེར་ཐེ་ཝན་གྱི་སྲིད་འཛིན་གྱིས་ཐེ་ཝན་གྱི་མདུན་ལམ་ཐེ་ཝན་མི་མང་རང་གིས་བདམས་ངེས་རེད་ཅེས་གསལ་སྟོན་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།